བོད་ཀྱི་དགེ་འདུན་པར་ཚན་རིག་སློབ་ཐོན་གྱི་ལག་ཁྱེར།

2013_5_14_2

༧གོང་ས་མཆོག་གི་དགོངས་གཞི་ལྟར་རིས་མེད་ཀྱི་གདན་ས་ཁག་གི་ནང་ཚན་རིག་སློབ་སྦྱོང་གི་ལས་གཞི་ཞིག་དབུ་འཛུགས་ཀྱིས་ལོ་ཤས་སོང་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་༡༣ ཉིན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་བོད་ཀྱི་དགེ་འདུན་པ་དྲུག་ལ་བསླབ་པ་མཐར་སོན་པའི་ལག་ཁྱེར་ཐོག་མ་དེ་སྤྲད་ཡོད་པ་རེད་འདུག

དེ་ཡང་ཐེངས་འདིའི་སློབ་གཉེར་བའི་གྲས་སུ་ཡོད་པའི་འབྲས་བློ་གླིང་གྲྭ་ཚང་གི་གྲྭ་དགེ་ལེགས་རྒྱ་མཚོས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཨ་རི་ཨེ་མོ་རིའི་བོད་ཀྱི་ཚན་རིག་མཐུན་ཚོགས་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་གོ་སྒྲིག་འོག ཕྱི་ལོ་༢༠༡༠ ནས་འགོ་བརྩམས་ཏེ་ལོ་གསུམ་གྱི་རིང་རིས་མེད་ཀྱི་གདན་ས་ཁག་གི་དགེ་འདུན་པ་ཚོར་ཚན་རིག་སློབ་སྦྱོང་གི་ལས་གཞི་ཞིག་བརྩམས་ཡོད་པ་ལྟར།

2013_5_14_1ཟླ་འདིའི་ཕྱི་ཚེས་༡༣ ཉིན་ཨ་རི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་དུ་ཐེངས་འདིའི་ཚན་རིག་སློབ་གཉེར་བ་བོད་ཀྱི་དགེ་འདུན་པ་༦ ལ། ཚན་རིག་སློབ་ཐོན་པའི་ལག་ཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེར་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་གྱིས་གཏམ་བཤད་གནང་དོན། གཙུག་ལག་ཁང་འདི་མཐོ་སློབ་གཞན་དང་མི་འདྲ་བར་བོད་ཀྱི་ནང་པའི་དགེ་འདུན་པ་ཚོར་ཚན་རིག་གི་སློབ་སྦྱོང་སྤྲོད་མཁན་དང་པོ་དེ་ཆགས་ཡོད་སྐོར་དང་། བོད་ཀྱི་དགེ་འདུན་པས་ཚན་རིག་སློབ་སྦྱོང་བྱེད་པ་ནི་༧གོང་ས་མཆོག་གི་དགོངས་གཞི་གལ་ཆེ་ཞིག་ཡིན་སྐོར། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་བཞིན་ཆོས་སྡེ་འདྲ་མིན་ནས་ཡོང་བའི་དགེ་འདུན་པ་དྲུག་གིས། འདས་པའི་ལོ་གསུམ་གྱི་རིང་ཚན་རིག་གི་སློབ་ཚན་འདྲ་མིན་ཐོག་སློབ་སྦྱོང་བྱས་པའི་གྲུབ་འབྲས་སུ་མཐོ་སློབ་ནས་དམིགས་བསལ་གྱིས་ཕྱག་ཁྱེར་སྤྲད་པ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད་འདུག

ཐེངས་འདིའི་ཚན་རིག་སློབ་ཐོན་པའི་དགེ་འདུན་པ་དྲུག་ནི། སྨན་རི་བོན་དགོན་ནས་གཡུང་དྲུང་དཀོན་མཆོག་ལགས་དང། དགའ་ལྡན་བྱང་རྩེ་ནས་བློ་གྲོས་བཟང་པོ། འབྲས་སྤུངས་སྒོ་མང་གྲ་ཚང་ནས་ཤེས་རབ་བསྟན་འཛིན། འབྲས་སྤུངས་བློ་གསལ་གླིང་ནས་དགེ་ལེགས་རྒྱ་མཚོ། སེར་ར་བྱེས་ནས་ངག་དབང་ནོར་བུ་ཐབས་མཁས་བཅས་ཡིན་པ་རེད་འདུག

ལས་གཞི་འདིའི་འགན་ཁུར་མཁན་གཙོ་བོ་ཨ་རི་ཨེ་མོ་རིའི་མཐོ་སློབ་ཀྱི་ནང་ཆོས་སློབ་དཔོན་འབྲས་བློ་གླིང་དགེ་བཤེས་བློ་བཟང་བསྟན་འཛིན་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གཉིས་ཡིན་འདུག་པ་དང་། དེ་བཞིན་སློབ་ཚན་གཙོ་བོ་དངོས་ཁམས་ཚན་རིག་དང་། སྐྱེས་དངོས་ཚན་རིག དབང་རྩའི་ཚན་རིག་བཅས་ཡིན་པ་རེད།