པེ་ཅིང་དུ་བོད་པ་ཁྲོམ་སྟོན་མཁན་དང་རྒྱ་མིའི་བར་འཁྲུག་འཛིང་།
པེ་ཅིང་དུ་གནས་སྡོད་བྱེད་པའི་བོད་རིགས་ཚོང་པ་སྐོར་ཞིག་དང་རྒྱ་རིགས་དབར་ཁྲོམ་སའི་རྩོད་རྙོག་ལ་བརྟེན་ནས་འཁྲུག་འཛིང་ཤོར་ཡོད་འདུག་པ་དང་། རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝི་ཝི་ཡིས་འཁྲུག་འཛིང་དེའི་སྐོར་བརྙན་བླངས་ཏེ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དེའང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ཤར་སྒོའི་སྲང་ལམ་ཉེ་འཁོར་གྱི་ཁྲོམ་ར་ཞིག་ཏུ་རྒྱ་རིགས་ཚོང་པས་གཉེར་བའི་ཟ་ཁང་འགྲམ་གྱི་མདུན་ཐང་གི་ས་ཆར། བོད་རིགས་ཚོང་ཁྲོམ་སྟོན་མཁན་དང་རྒྱ་མིའི་བར་ས་ཆའི་བདག་དབང་གི་གནད་དོན་ལ་བརྟེན་ནས། རྒྱ་རིགས་ཟ་ཁང་བདག་པོའི་ལས་བྱེད་དང་བོད་པ་ཚོང་ཁྲོམ་སྟོན་མཁན་ཤོག་ཁག་གཉིས་ཀྱི་དབར་འཁྲུག་འཛིང་ཤོར་ཡོད་པ་དང་། བོད་པའི་ཁྲོམ་སྟེགས་དང་ཅོག་ཙེ། རྐུབ་སྟེགས་སོགས་ཅ་དངོས་གཏོར་བཅག་བཏང་ཡོད་འདུག་པ་མ་ཟད། བོད་པ་ཁྲོམ་སྟོན་པ་དག་གིས་ཀྱང་རྒྱ་མིའི་ཕྱོགས་སུ་རྡོ་དང་ཅོག་རྩེ་རྐུབ་སྟེགས་ཆག་རོ་རྣམས་གཡུགས་ཏེ་ཟུར་གྱི་རྒྱ་མིའི་ཟ་ཁང་དེའི་སྒོ་དང་སྒེའུ་ཁུང་ཚང་མ་བཅག་ཡོད་འདུག འཁྲུག་འཛིང་སྐབས་སུ་ཉེན་རྟོག་པ་སྐོར་ཞིག་སླེབས་ཏེ་བར་འདུམ་བྱས་ཡོད་ཀྱང་དུས་ཐོག་བཀག་འགོག་བྱས་མ་ཐུབ་པར་དུས་ཡུན་སྐར་མ་ཁ་ཤས་རིང་རྡོ་སོགས་གཡུགས་ཡོད་འདུག འབྲེལ་ཡོད་ཉེན་རྟོག་པས་འགྲེལ་བརྗོད་བྱས་པ་ལྟར་ན། འཁྲུག་འཛིང་གི་དོན་རྐྱེན་དེའི་ཁྲོད་ཕྱོགས་གཉིས་ཀར་རྨས་སྐྱོན་ཕོག་མེད་ཅིང་འཇུ་བཟུང་ཡང་བྱས་མེད་ལུགས་སོགས་བཤད་ཡོད་ཀྱང་། འཁྲུག་འཛིང་སྐབས་བླངས་པའི་བརྙན་ཐུང་ཚན་པ་དེའི་ནང་དུ་བོད་རིགས་ཁྲོམ་སྟོན་མཁན་སྐྱེས་པ་ཞིག་གི་མགོར་རྨས་སྐྱོན་ཕོག་ཏེ་ཁྲག་འཛག་བཞིན་པ་དང་། བུད་མེད་གཅིག་ཐང་དུ་འགྱེལ་ཡོད་པ་མཐོང་ཐུབ་ཀྱི་ཡོད་པ་རེད།
གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྲོམ་སྟོན་མཁན་དེ་དག་བོད་རིགས་ཡིན་པའི་གནས་ཚུལ་ཐོན་བཞིན་ཡོད་ཀྱང་། པེ་ཅིང་དུ་གནས་སྡོད་བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཚོང་ཁྲོམ་སྟོན་མཁན་དེ་དག་བོད་པ་མིན་པ་དང་། སི་ཁྲོན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་ཆང་རིགས་ཡིན་ཞིང་། ཁོང་ཚོས་ཕྱིའི་མི་གཞན་པར་ཁོང་ཅག་བོད་རིགས་ཡིན་པར་བརྗོད་པ་དང་། བོད་པའི་ཐོན་རྫས་དང་འདྲ་བའི་ཅ་དངོས་རྫུན་མ་མང་པོ་ཁྲོམ་ས་ནས་ཚོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག