རྒྱ་ནག་ནང་སློབ་སྤྱིས་སློབ་ཕྲུག་ལ་བཙན་གཡེམ་དོན་རྐྱེན།
རྒྱ་ནག་གི་ཞིན་ཧྭ་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨ ཉིན། རྒྱ་ནག་ཧེ་ལན་ཞིང་ཆེན་ཝ་ནི་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པའི་སློབ་ཕྲུག་བུ་མོ་དྲུག་སློབ་གྲྭ་དེའི་སློབ་སྤྱི་དང་གཞུང་གི་ལས་བྱེད་གཉིས་ཀྱིས་མགྲོན་ཁང་དུ་ཁྲིད་དེ་ཞག་སྡོད་བྱས་ཡོད་པ་དང་།
ས་གནས་ཉེན་རྟོག་པ་དང་སློབ་ཕྲུག་ཁྱིམ་བདག་གིས་བརྗོད་པ་ལྟར་ན། སློབ་ཕྲུག་བུ་མོ་དྲུག་ལ་བཙན་གཡེམ་ཐེབས་མེད་ཀྱང་གཟུགས་པོའི་སྨད་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་བཟོས་ཡོད་པ་མ་ཟད། དོན་རྐྱེན་དེ་བྱུང་བའི་སྐབས་སུ་སློབ་ཕྲུག་རྣམས་ལ་གཉིད་སྨན་སྤྲད་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།

སློབ་སྤྱིས་སློབ་གྲྭ་དེའི་སློབ་ཕྲུག་བུ་མོ་དྲུག་ཁྲིད་དེ་མགྲོན་ཁང་གླས་པའི་སྔ་གཞུག་ཏུ་ཕྲུག་གུ་ཚོར་བཙན་གཡེམ་དང་ལོག་སྤྱོད་བྱས་ཡོད་མིན་ཐད། ད་ལྟའི་ཆར་བཤད་སྟངས་མི་གཅིག་པ་སྣ་ཚོགས་ཤིག་ཡོང་གི་ཡོད་ཀྱང་། དོན་རྐྱེན་དེའི་ངོ་བོའི་ཐོག་ནས་ཤུགས་རྐྱེན་ཧ་ཅང་ངན་ཞིག་བཞག་ཡོད་པ་མ་ཟད། སློབ་སྤྱི་དེ་ལས་སྣེ་ནས་ཕྱིར་ཕུད་ཀྱིས་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག དེ་ལ་བརྟེན་ནས་སློབ་ཆུང་སློབ་མར་བཙན་གཡེམ་གཏན་འགོག་བྱེད་མི་ཐུབ་པ་ཞིག་ཡིན་པ་དང་། སྤྱིར་ལོ་ཚད་ལོན་པའི་མི་ལའང་བཙན་གཡེམ་འཇིགས་སྐུལ་སྔོན་འགོག་གི་ཁྲིམས་ལུགས་གཏན་འབེབས་ཡོད་ཀྱང་། ལོ་ཚད་མ་ལོན་པའི་ཕྲུ་གུར་བཙན་གཡེམ་འཇིགས་སྐུལ་སྔོན་འགོག་གི་ཁྲིམས་སྲོལ་ཅི་ཡང་མེད་པས། ཐེངས་འདིའི་དོན་རྐྱེན་དེ་ནི་ཁྲིམས་ལུགས་དོ་དམ་གྱིས་མ་འདང་བ་དང་སྔོན་འགོག་ལས་དོན་གྱི་བྱས་ཉེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ད་ཐེངས་ཀྱི་དོན་རྐྱེན་དེ་ནི་དགེ་རྒན་གྱིས་སློབ་ཆུང་སློབ་མར་བཙན་གཡེམ་བྱས་པའི་དཔེ་མཚོིན་ཐོག་མ་དེ་མིན་པ་དང་། དེ་སྔོན་རྒྱ་ནག་གི་གཱ་ཏུང་ཡཱ་ཅ་ཞེས་པའི་ས་གནས་ཀྱི་སློབ་ཆུང་སློབ་མ་ལོ་ན་༡༢ ཅན་ཞིག་ལ་སློབ་གྲྭ་དེའི་སློབ་སྤྱིས་བཙན་གཡེམ་བཏང་བའི་དོན་རྐྱེན་བྱུང་མྱོང་ཡོད་པ་རེད།
