ཆོས་བརྒྱུད་ཁག་གི་ལྷན་ཚོགས་མཇུག་བསྒྲིལ་གནང་བ།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ལྷན་ཚོགས་དེ་ཟླ་འདིའི་ཕྱི་ཚེས་༡༧ ཉིན་མཇུག་བསྒྲིལ་གནང་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་སྐབས་ཆོས་ལུགས་ཁག་གི་བཤད་སྒྲུབ་བསྟན་པ་གོང་སྤེལ་སླད་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤ ནས་འགོ་བརྩམས་ཏེ་བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་བསྟན་པ་གོང་སྤེལ་གྱི་ལྷན་ཚོགས་ལྷན་ཚོགས་དེ། ཉིན་བཞིའི་རིང་བཞུགས་སྒར་རྡ་སའི་ཉེ་འགྲམ་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭའི་ཚོམས་ཆེན་དུ་དབུ་འཛུགས་ཀྱིས། གྲོས་གཞི་གཙོ་བོ་བཤད་སྒྲུབ་བསྟན་པ་མི་ཉམས་གོང་འཕེལ་དང་། གཞུང་ཆེན་རེ་རེའི་ཐོག་རིགས་གཅིག་རྐང་འཛིན་ཐོན་ཐབས། རིས་མེད་རྩོད་གྲྭ་དང་སྨོན་ལམ་ཆེན་མོ་ཚུགས་ཕྱོགས། མི་མང་དང་ན་གཞོན་སློབ་ཕྲུག་ལ་ཚད་མ་དང་ནང་ཆོས་སློབ་ཁྲིད། སྤྱི་ཚོགས་ནང་འདུལ་འཛིན་སྤྱི་ལ་མཚན་སྨད་ཡོང་གཞིར་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་བྱས་ཡོད་པ་ལྟར་ཟླ་འདིའི་ཕྱི་ཚེས་༡༧ མཇུག་བསྒྲིལ་གནང་ཡོད་འདུག་པ་དང་། ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་དབང་ཀརྨ་པ་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་ལྷན་ཚོགས་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
ཐེངས་འདིའི་ལྷན་ཚོགས་སྐབས་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་ལས། དང་པོ། སློབ་གཉེར་དང་རྒྱུགས་སྤྲོད་ཀྱི་ལམ་ལུགས་ཚད་ལྡན་ཡོད་པའི་ཆོས་སྡེ་སོ་སོས་ཞུ་བསྐུལ་གནང་ཚེ་ཆོས་རིག་ལས་ཁུངས་ནས་རྒྱུགས་སྤྲོད་ལྟ་རྟོག་སླད་སྐུ་ཚབ་རེ་བསྐོ་གཏོང་དང་། ད་ལྟ་ཆོས་བརྒྱུད་འགའ་ཞིག་གི་སློབ་གཉེར་ཁང་ནས་བསྩལ་བའི་སློབ་ཐོན་ལག་འཁྱེར་ཐོག་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་དག་མཆན་འགོད་ཀྱི་ཡོད་པ་ལྟར་སྤྱི་མཚུངས་བྱ་རྒྱུ།
1. ཆོས་རིག་ལས་ཁུངས་དང་ཆོས་སྡེ་ཁག་ནས་དུས་ནས་དུས་སུ་བསླབ་པ་མཐར་སོན་སློབ་དཔོན་ དང་དགེ་བཤེས་ཚོ་ལ་དགེ་རྒན་འོས་སྦྱོང་ལྟ་བུ་ཟབ་སྦྱོང་གོ་སྒྲིག་བྱ་རྒྱུ།
2. ཆོས་སྡེ་སོ་སོ་ནས་སློབ་གཉེར་ལ་འགོག་རྐྱེན་འགྲོ་གཞིི་ལག་ཐོག་ཁ་པར་སོགས་དེང་དུས་ཡོ་བྱད་རིགས་བཀག་འགོག་གནང་སྲོལ་ཡོད་པ་རྒྱུན་སྐྱོང་དང་། མེད་པའི་རིགས་ནས་མ་མཐར་སློབ་གཉེར་གནང་ཡུན་རིང་བཀའ་འགོག་གནང་རྒྱུའི་ལམ་སྲོལ་སྤེལ་རྒྱུ།
3. ཆོས་སྡེ་ཁག་ཏུ་མདོ་སྔགས་ཀྱི་བཤད་ཁྲིད་སྐབས་གཞུང་སོ་སོར་འབྲེལ་ཆགས་མདོ་རྒྱུད་དང་རྒྱ་གཞུང་རྣམས་ཀྱང་ཟུང་སྦྲེལ་ཐོག་བཤད་ཁྲིད་གནང་རྒྱུར་འབད་བརྩོན་བྱ་རྒྱུ།
གཉིས་པ། བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཆ་ཡོད་པའི་ཆོས་སྡེ་ཁག་ནས་དུས་ནས་དུས་སུ་དེ་གར་ཞིབ་འཇུག་གིས་ཉམས་ཆག་འགྲོ་གཞི་རིགས་ལ་ཐུགས་སྣང་དང་། བཤད་གྲྭ་དང་སྒྲུབ་གྲྭ་ལོགས་སུ་མེད་རིགས་ནས་སོ་སོའི་འཁོས་བབས་དང་སློབ་གཉེར་བའི་གྲངས་ཚད་ལ་གཞིགས་ཏེ་གསར་འཛུགས་བྱ་རྒྱུ།
1. ཉིན་ལྟར་ཚོགས་མཆོད་སྐབས་སུ་ཡུན་ཤས་རིང་སྒོམ་རྒྱག་སྲོལ་ཡོད་པ་རྒྱུན་སྐྱོང་ཐོག་མེད་རིགས་ནས་དེ་ལྟར་གསར་གཏོད་དང་། སློབ་གཉེར་ཟིན་མཚམས་ཡུན་རིང་མཚམས་བསྙེན་བཞུགས་མཁན་ཚོ་ལ་མཐུན་རྐྱེན་སྦྱོར་སྤྲོད་ཐོོག སློབ་གཉེར་ལས་རིམ་དུ་ཡུན་རིང་མཚམས་བསྙེན་སྡོད་སྲོལ་མེད་རིགས་ནས་གསར་གཏོད་བྱ་རྒྱུ།
གསུམ་པ། ཆོས་རིག་ལས་ཁུངས་ནས་ས་བོན་དུ་གནང་བའི་གཞུང་ཆེན་རིགས་གཅིག་རྐང་འཛིན་པའི་ སློབ་ཡོན་གྱི་སྒྲིག་གཞིར་དགོས་ངེས་ཀྱི་བསྐྱར་བཅོས་ཐོག་དེ་ཉིད་ངོས་ལེན་དང་། དོན་ཚན་དྲུག་པར་གསལ་བའི་མཁས་པའི་ཚོགས་ཆུང་གི་གྲུབ་ཆ་རྣམས་ཆོས་ལུགས་ཆོས་བརྒྱུད་སོ་སོའི་དབུ་འཁྲིད་བླ་ཆེན་ལ་སྐྱབས་འཇུག་ཞུ་རྒྱུ།
1. སྔ་འཕྲོས་རིང་ཆོས་རིག་ལས་ཁུངས་ནས་ལོ་རེར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་མི་གཉིས་(༢)རེ་དང་། ཇོ་ནང་ཁོངས་མི་གཅིག་(༡)་བཅས་ཁྱོན་མི་གྲངས་བཅུ་གཅིག་(༡༡)ལ་སློབ་ཡོན་སྤྲོད་རྒྱུ། དེ་བཞིན་ཆོས་སྡེ་སོ་སོ་ནས་སློབ་ཡོན་སྦྱོར་སྤྲོད་ཀྱིས་རིགས་གཅིག་རྐང་འཛིན་པའི་ལས་གཞི་འདིའི་ནང་ཞུགས་མཁན་རྣམས་ལ་སློབ་གཉེར་བ་བཅུ་གཅིག་(༡༡)དང་གཅིག་ མཚུངས་ངོས་ལེན་བྱ་རྒྱུ།
2. ཆོས་ལུགས་ཆོས་བརྒྱུད་སོ་སོའི་ཐུན་མོང་མ་ཡིན་པའི་མདོ་སྔགས་གཞུང་ལུགས་ཁག་ལ་རིགས་གཅིག་རྐང་འཛིན་ཐོན་ཐབས་ཐད་ཁུངས་སོ་སོ་ནས་ལས་རིམ་གསར་གཏོད་བྱ་རྒྱུ།
བཞི་པ། ལས་གཞི་དེ་ཉིད་ཀྱི་མིང་བོད་ཀྱི་ཆོས་བརྒྱུད་ཆེན་པོོ་བཞི་དང་གཡུང་དྲུང་བོན་བཅས་རིས་སུ་མ་མཆིས་པའི་བགྲོ་གླེང་དང་རིས་མེད་སྨོན་ལམ་ཆེན་མོ་ཞེས་རང་སོར་བཞག་པའི་ཐོག་འཆར་གཞི་ནང་གསལ་དུས་ཚོད་དེར་སྐོང་ཚོགས་བྱ་རྒྱུ།
1. གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་མཉམ་ཞུགས་གནང་མཁན་ཆོས་ལུགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པར་བསྐོ་གཏོང་ཡོང་བ་ཞུ་རྒྱུ།
2. རབ་བྱུང་མ་རྣམས་ད་ཡོད་བཙུན་མའི་འཇང་དགུན་ཆོས་ཤིག་ལོ་ལྟར་ཚོགས་སྲོལ་ཡོད་པ་དེ་ཉིད་ནང་རང་མོས་ཀྱིས་འཛུལ་ཞུགས་བྱ་རྒྱུ།
ལྔ་པ། ཆོས་སྡེ་ཁག་ཏུ་རྒྱུན་ལྡན་སློབ་གཉེར་ནང་ཚན་རིག་སློབ་ཚན་བཞག་ཡོད་པ་རྣམས་རྒྱུན་སྐྱོང་ཐོག དེ་ལྟར་ལམ་ལུགས་མེད་ཅིང་དྭང་འདོད་ཡོད་པ་རྣམས་ནས་ཆོས་ཚོགས་སྔ་རྗེས་ཀྱི་གྲོས་ཆོད་ལྟར་བསླབ་པ་མཐར་སོན་ལ་ཉེ་སྐབས་ལོ་ཤས་རིང་ཚན་རིག་གི་སློབ་ཚན་འཇོག་རྒྱུ།
1. རྒྱུན་ལྡན་སློབ་ཚན་ནང་ཚན་རིག་མེད་པའི་ཆོས་སྡེ་ཁག་ནས་ལོ་གཅིག་རེའི་ནང་ཉིན་ཤས་རིང་གིི་ཟབ་སྦྱོང་གོ་སྒྲིག་བྱ་རྒྱུ། དགོས་མཁོ་མཆིས་ཚེ་དགེ་རྒན་རྣམས་ཀྱི་ལམ་གྲོན་དང་ཟུར་ཕོགས་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་རྒྱུ། དེ་བཞིན་ཆོས་རིག་ལས་ཁུངས་དང་དཔེ་མཛོད་ཁང་ནས་གོ་སྒྲིག་གནང་བའི་ཚན་རིག་ཟབ་སྦྱོང་ནང་སློབ་གཉེར་བ་ངེས་པར་གཏོང་རྒྱུ།
2. ཆོས་རིག་ལས་ཁུངས་ནས་ཚན་རིག་འཛིན་གྲྭ་འཛུགས་མཁན་ཆོས་སྡེ་སོ་སོའི་ཚན་རིག་དགེ་རྒན་རེ་ལ་ཟླ་རེར་ཧིན་སྒོར་སུམ་སྟོང་ལྔ་བརྒྱ་(༣༥༠༠)རེ་གསོལ་ཕོགས་སྤྲོད་རྒྱུ།
3. ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་སྦྲེལ་ཐོག་ཚན་རིག་གི་སློབ་དེབ་མཁོ་སྤྲོད་དང་། ཚན་རིག་དགེ་རྒན་རྣམས་ལ་བོད་ཀྱི་སྐད་ཡིག་དང་ཚན་རིག་གི་ཐ་སྙད་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་གོ་སྒྲིག་བྱ་རྒྱུ།
དྲུག་པ། ཆོས་རིག་ལས་ཁུངས་ནས་ས་གནས་ཁག་ཏུ་ནང་ཆོས་ངོ་སྤྲོད་ཀྱི་ཚོགས་ཆུང་རེ་ཆེད་བཙུགས་ཡོད་པ་རྣམས་ལ་མུ་མཐུད་དགེ་རྒན་བསྐོ་གཏོང་སོགས་ཀྱི་མཐུན་འགྱུར་དང་། ཆོས་སྡེ་སོ་སོས་དགུན་གའི་སློབ་སེང་རིང་སློབ་ཕྲུག་ཚོ་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་སྦྱོང་བརྡར་གྱི་ལས་འགུལ་སྤེལ་བཞིན་པ་རྣམས་རྒྱུན་སྐྱོང་བྱ་རྒྱུ།
2. དེང་དུས་མཐོ་རིམ་སློབ་གྲྭ་ནས་ཐོན་པའི་ན་གཞོན་སློབ་ཕྲུག་ཚོ་ལ་དམིགས་ནས་ཟླ་བ་དྲུག་གམ་ལོ་གཅིག་རིང་གི་ནང་ཆོས་སློབ་གཉེར་ (Diploma Course) བྱ་རྒྱུའི་གོ་སྐབས་བསྐྲུན་རྒྱུ།
བདུན་པ། ཆོས་སྡེ་སོ་སོའི་སྒྲིག་ཞུགས་རྣམས་ལ་རྒྱུན་གཏན་ནས་དམ་དོན་གྱིས་དེ་ལྟར་ནམ་ཡང་མི་ཡོང་བ་བྱ་རྒྱུ་དང་། ཆོས་ཚོགས་སྔ་རྗེས་སུ་གཏན་ལ་ཕབ་པ་བཞིན་གྲྭ་བརྫུ་བླ་བརྫུ་རིགས་ཀྱི་གནས་ཚུལ་འབྱུང་བ་རྣམས་ལ་འབྲེལ་ཡོད་ཁག་ནས་རྩད་ཞིབ་ཀྱིས་ར་འཕྲོད་བྱུང་ཚེ་ཐེར་འདོན་ཐོག་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱ་རྒྱུ།
བརྒྱད་པ།དེ་མིན་འབྲེལ་ཆགས་གནད་དོན་གཞན་གྱི་ཐོག་བཀའ་བསྡུར་གནང་འོས་གནང་རྒྱུ་ཐད།
ཆོས་སྡེ་ཁག་ནས་གོང་གསལ་གྲོས་ཆོད་ཁག་ལ་ལག་བསྟར་ཇི་གནང་གི་སྙན་ཐོ་ལོ་རེའི་མཚམས་ཆོས་རིག་ལས་ཁུངས་སུ་འབུལ་རྒྱུ་བཅས་རེད་འདུག