རྒྱ་ནག་གིས་ཨ་རི་དང་འབྲེལ་ལམ་གསར་པ་འཛུགས་རྒྱུ་ཡིན་ཟེར།

རྒྱ་ནག་གིས་ཨ་རི་སོགས་རྒྱལ་ཁབ་ཆེ་ཁག་གི་འབྲེལ་ལམ་ཐད་བྱེད་ཐབས་གསར་པ་སྤེལ་འཆར་ཡོད་འདུག་པ་དང་།  ཞི་ཅིན་ཕིང་དང་ཨོ་བྷ་མ་གཉིས་ཕྱི་ཟླ་དྲུག་པའི་ནང་གི་མཇལ་འཕྲད་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར། པེ་ཅིང་གིས་བརྗོད་པ་ལྟར་ན།  འབད་བརྩོན་ཧུར་ཐག་གིས་རྒྱལ་ཁབ་ཆེན་པོའི་བར་རྣམ་པ་གསར་པའི་ཁྱད་ཆོས་ལྡན་པའི་འབྲེལ་ལམ་ཞིག་འཛུགས་རྒྱུའི་རེ་བ་ཡོད་པ་རེད།

རྒྱ་ནག་གི་འགོ་ཁྲིད་གསར་པས་སྲིད་དབང་བཟུང་རྗེས་ཀྱི་ཕྱི་འབྲེལ་ཧ་ཅང་འཁྲུག་ཆ་དོད་དུ་སོང་སྟེ། འཚམས་འདྲིར་སླེབས་པའི་ཕྱི་རྒྱལ་གྱི་དཔོན་རིགས་དང་མཇལ་འཕྲད་བྱས་པ་དང་། རྒྱ་ནག་གི་སྲིད་འཛིན་རང་ཉིད་ལྷོ་ཨ་ཧྥི་རི་ཁ་དང་ཡུ་རོབ། ཨུ་རུ་སི་དང་ཨ་ཧྥི་རི་ཁ་སོགས་སུ་ཕྱོགས་བསྐྱོད་བྱས་ཡོད།

གཟའ་འཁོར་འདིའི་འགོ་སྟོད་ཙམ་ལ་ལི་ཁེ་ཆང་གི་སྲིད་བློན་གྱི་འགན་ཁུར་བའི་རིང་གི་ཕྱིར་བསྐྱོད་ཐོག་མ་དེ་མཇུག་སྒྲིལ་བྱས་ཡོད་པ་དང་། ཐེངས་འདིར་ཁོང་རྒྱ་གར་དང་པ་ཀི་སི་ཐན། སུད་སི། འཇར་མན་སོགས་ལ་འཚམས་འདྲིར་སོང་ཡོད། གཟའ་འཁོར་འདིའི་རེས་གཟའ་པ་སངས་ཉིན་ཕྱི་ཟླ་༥ ཚེས་༣༡ ཉིན་སྲིད་འཛིན་ཞི་ཅིན་ཕིང་ཡང་བསྐྱར་ཕྱིའི་རྒྱལ་ཁབ་ཁག་ཅིག་ལ་འཚམས་འདྲིར་བསྐྱོད་རྒྱུ་ཡིན་པ་དང་། ཞི་ཅིན་ཕིང་གི་རྒྱལ་ཁབ་སྲིད་འཛིན་གྱི་གོ་གནས་བཞེས་ནས་མི་རིང་བའི་རྗེས་ལྕམ་ཕང་ལི་ཡེ་དང་ལྷན་དུ་ཨུ་རུ་སི་དང་ཨ་ཧྥི་རི་ཁར་འཚམས་འདྲིར་སོང་ཡོད། ཐེངས་འདིར་ཞི་ཅིན་ཕིང་ལཱ་ཌན་ཨ་མེ་རི་ཁ་དང་ཁ་རི་བྷེས་ས་ཁུལ་སོགས་སུ་བསྐྱོད་རྗེས། ཨ་རིའི་ཁེ་ལེ་ཧྥོ་ནི་ཡ་ལ་ཡོང་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཉམ་དུ་ཉིན་གཉིས་རིང་གི་གཞུང་འབྲེལ་མིན་པའི་བཀའ་བསྡུར་གནང་རྒྱུ་ཡིན་འདུག

རྒྱ་ནག་གི་འགོ་ཁྲིད་ཀྱི་ཕྱི་བསྐྱོད་འཚམས་འདྲི་ལས་མངོན་པ་ནི་རྒྱ་ནག་གིས་བཤད་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཚོལ་སྙེག་ཁྲོད་སྟོབས་ཆེན་རྒྱལ་ཁབ་ཁག་དང་། འབྲེལ་ལམ་གསར་འཛུགས་བྱེད་རྒྱུ་དེ་རེད། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་ཏྲན་ཙི་ཀང་གིས་ཉེ་ཆར་དམིགས་བསལ་བརྡ་ཁྱབ་ཚོགས་འདུ་ཞིག་གི་སྟེང་གསར་འགོད་པར་ཁྱད་ཆོས་གསར་པ་ལྡན་པའི་འབྲེལ་ལམ་སྐོར་བཤད་ཡོད། ཁོང་གིས་“ སྲོལ་རྒྱུན་ལྟར་རྒྱལ་ཁབ་ཆེན་པོའི་དབར་གྱི་ཁ་གཏད་འཐབ་འཁྲུག་གི་ལམ་རྙིང་མིན་པའི་ལམ་བུ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་དེ། དུས་ཡུན་རིང་པོར་རྒྱལ་ཁབ་བར་ཞི་བདེ་མཉམ་གནས་དང་། མཉམ་འབྲེལ་དང་སྤྱི་ཕན་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ལམ་བུ་གསར་པ་ཞིག་གི་སྒོ་འབྱེད་དགོས་”ཞེས་བརྗོད།

ཁྱད་ཆོས་གསར་པ་ལྡན་པའི་འབྲེལ་ལམ་དེས་མ་འོངས་པར་ཉིན་རེར་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འཛམ་གླིང་རང་བཞིན་ཅན་གྱི་འགྲན་རྩོད་ལ་ཇི་ལྟར་གདོང་ལེན་བྱེད་རྒྱུ་ཡིན་མིན་ད་དུང་བཤད་མི་ཤེས་པ་ཞིག་རེད། རྒྱ་ནག་དང་ཉི་ཧོང་བར་ཤར་རྒྱ་མཚོའི་གླིང་ཕྲན་གྱི་བདག་དབང་ལ་བརྟེན་ནས་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་ནག་གིས་ལྷོ་རྒྱ་མཚོའི་ཁུལ་གྱི་བདག་དབང་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་པ་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད། སྤྱིར་བཏང་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་སོང་ཡོད་པ་དང་ཕྱོགས་མང་པོ་ཞིག་གི་ཐོག་ནས་ཕན་ཚུན་བསྟུན་དགོས་ངེས་ཆགས་ཡོད། ཡིན་ནའང་དྲ་རྒྱའི་བདེ་འཇགས་དང་མ་རྩ་གཏོང་འཇོག་སོགས་ཀྱི་ཐད་ལ་འགལ་ཟླ་ཆེན་པོ་ཡོད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་སི་རི་ཡ་དང་ཨི་རག དེ་བཞིན་བྱང་ཀོ་རི་ཡ་སོགས་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་མིན་ཐད་ལའང་ལངས་ཕྱོགས་མི་གཅིག་པ་རེད།

ཏྲན་ཙི་ཀང་གིས་བརྗོད་རྒྱུར། རྒྱ་ནག་གི་རེ་བར་ཨ་རི་དང་མཉམ་དུ་ཐུན་མོང་གི་འབད་བརྩོན་བརྒྱུད་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་བཏང་སྟེ། ས་ཁུལ་དང་འཛམ་གླིང་གྱི་གནད་དོན་སོགས་ཕྱོགས་སོ་སོ་ནས་མཉམ་འབྲེལ་ཐོག་ཤུགས་སྣོན་རྒྱག་དགོས། སྲིད་འཛིན་ཞི་ཅིན་ཕིང་དང་ཨོ་བྷ་མ་གཉིས་ཕྱི་ཟླ་༦ པའི་ཚེས་༧ དང་༨ ཀྱི་གྲོས་མོལ་སྐབས་དྲ་ལམ་བདེ་འཇགས་དང་བྱང་ཀོ་རི་ཡ། སི་རི་ཡ། ཨི་རག་སོགས་གཙོ་བོར་གྱུར་པའི་གནད་དོན་ཁག་གི་ཐོག་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཞི་ཅིན་ཕིང་དང་ཁོང་གི་སྐུ་ལྕམ་གཉིས་ཟླ་འདིའི་ཕྱི་ཚེས་༣༡ རེས་གཟའ་པ་སངས་ཉིན་ཕྱིར་བསྐྱོད་ཐེངས་གཉིས་པ་འགོ་འཛུགས་ཏེ། ཨ་རི་ཕུད་པའི་ད་དུང་མེཀ་སི་ཀོ ཀོ་སི་ཐ་རི་ཁ། ཐི་རི་ནི་ངྷ་ངྷི། ཏོ་བྷ་གྷོ་སོགས་ལ་འཚམས་འདྲིར་བསྐྱོད་ཡོད་པ་རེད།།