༄༅།།རྨ་ཁ་སླར་ཡང་གསོས་སོང་།
མི་ལོ་གསུམ་གྱི་ཡར་སྔོན་ཞིག་ནས
ཁྱོད་ཀྱིས་ང་རང་བསྐྱུར་ནས་སོང
ངས་ཆུ་ཚོད་ཀྱི་ཚག་སྒྲ་རེ་རེ་བཞིན
ཁྱོད་ཉིད་ཁོ་ན་དྲན
ཁྱོད་རྒྱང་རིང་ཞིག་ན་མེད་མོད
འོན་ཀྱང་
ཁྱོད་མཇལ་བ་ནི་ཉིན་་མོའི་སྐར་མ་དང་མཚུངས
ངས་ཤོག་སྙིགས་འགའ་ཞིག་གི་ངོས་སུ
དྲན་གདུང་གི་ངུ་ངག་ཤར་མར་བྲིས
ཚེ་མིང་ཅན་ཁྱོད་ཀྱིས
ང་དང་ངའི་བརྩེ་དུང་སྣང་མེད་དུ་བསྐྱུར་སོང
ངེས་གཉིས་ཀྱི་བརྩེ་དུང་གི་གཟམ་པ་བཏོར་སོང
ལྷུང་ཟིན་པའི་མིག་ཆུའི་ཐིག་པ་བཞིན་
རྟ་རྒན་སོང་བའི་རྨིག་རྗེས་བཞིན
ངུ་ངག་དང་ཐལ་རྡུལ་གྱི་ཁྲོད་དུ་བསྐྱུར་སོང
ངས་ཤག་ཤག་ཏུ་བབས་པའི་ཆུ་ཕྲན་གྱི་འགྲམ་ནས
མིག་ཟུང་དགུང་སྔོན་ལ་ལྟ་བཞིན
འདས་ཟིན་པའི་ངེས་གཉིས་ཀྱི་མཛའ་བརྩེ་ལ་སྐྱར་དྲན་བྱས
ཨ་ཨ་་་་་་་་་ཚེ་མིང་ཅན
ངས་ཁྱོད་ལས་ངན་འདི་འདྲ་ཞིག་ཡིན་ན་མི་འདོད
ངས་སྔོན་མ་ཞིག་ནས་ཁྱོད་ལ་འདི་འདྲ་ཞིག་བཤད་མྱོང
ལྷད་མེད་ཀྱི་བརྩེ་དུང་འདི་ཁྱོད་ལ་མཁོའམ
དེ་རིང་ཚེས་ཅོ་ལྔའི་ཉིན་མོ་དེར
ངས་ཁྱོད་ཉིད་སླར་ཡང་མཇལ
ཁྱོད་ཀྱི་མིག་ཟུང་ཁོ་བོ་ལ་ཕྱོགས་ཚེ
ཧ་ཧ་་་་ང་ནི་འདར་མ་གསོན་པོ་ཞིག
དགའ་སྣང་ཞིག་དང་ལྷན་དུ
ཁྱོད་བདེ་མོ་ཟེར་བ་ཞིག་ཁ་ནས་ཤོར་ཐལ
དེས་རྐྱེན་པས
སླར་ཡང་ངའི་སེམས་ཀྱི་རྨ་ཁ་དེ་གསོས་བྱུང
དེས་རྐྱེན་པས་
ངའི་སེམས་ཀྱི་ཟབ་ས་ཞིག་ན
ཁྱོད་ཀྱི་གཡོ་ཕྱོགས་རེ་རེ་ཡང
ངའི་སེམས་ཀྱི་གཏིང་རིམ་ན་ངེས་ཡོད་།། །།