རྒྱ་ནག་གི་ཆབ་སྲིད་བཙོན་པ་གློད་གྲོལ་དགོས་པའི་འབོད་སྐུལ།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་ཡིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཐེངས་༢༤ པའི་སྔ་ནུབ་ཏུ་གསལ་བསྒྲགས་ཤིག་སྤེལ་ཏེ། པེ་ཅིང་གིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ལུའུ་ཞོ་པོ་གཙོས་པའི་ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་རེད།

ལྕམ་ནན་སི་པེ་ལོ་སིའི་ཡིག་ཐོག་གི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་དོན། “རྒྱ་ནག་སྲིད་གཞུང་གིས་མགྱོགས་མྱུར་ངང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་གཏོང་དགོས། དེའི་ནང་དུ་འཛམ་གླིང་ཐོག་བཙན་ཁང་དུ་བཀག་ཉར་འོག་ཡོད་པའི་ནོའོ་བྷེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཅིག་པུ་སྐུ་ཞབས་ལུའུ་ཞོ་པོ་ཡང་ཚུད་ཡོད།”

གསལ་བསྒྲགས་ནང་། “ལོ་ངོ་༢༤ སྔོན་དུ། རྒྱ་ནག་གི་སློབ་ཕྲུག་དང་བཟོ་བ། དེ་བཞིན་གྲོང་ཁྱེར་གྱི་མི་མང་བཅས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཞི་བའི་འདུ་འཛོམས་བྱས་ཏེ། རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་གསར་བརྗེ་དང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་དགོས་པའི་འབོད་སྐུལ་ཞུས་སྐབས། ཁོང་ཚོའི་ཞི་བའི་ལས་འགུལ་ལ་སྲིད་གཞུང་གིས་དྲག་གནོན་ཚད་ལས་བརྒལ་བ་བྱས་ཡོད།”

ལྕམ་ནན་སི་པེ་ལོ་སི་ཡིས། “ད་ལྟའི་བར་དུ་ཕྱི་ལོ་༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་བརྗོད་གཞི་གང་ཡིན་ནའང་ཞིབ་བཤེར་ནན་མོ་བྱེད་བཞིན་པ་དང་། དྲུག་བཞིའི་དོན་རྐྱེན་ནང་འཛུལ་ཞུགས་བྱས་མྱོང་བའི་སློབ་ཕྲུག་དང་སློབ་ཕྲུག་གི་ནང་མི་རྣམས་ལ་ད་དུང་ཡང་སྲིད་གཞུང་གིས་སྡུག་སྦྱོང་གཏོང་བ་དང་བཙོན་འཇུག་དོ་དམ་བྱེད་བཞིན་ཡོད།”ཅེས་སོགས་བརྗོད་དེ་རྒྱ་ནག་སྲིད་གཞུང་གིས་དྲུག་བཞིའི་དོན་རྐྱེན་གྱི་ཉེས་མིང་འོག་སྡུག་སྦྱོང་གནར་གཅོད་མྱོང་བཞིན་པའི་དམངས་གཙོ་དོན་གཉེར་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ནོའོ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལུའུ་ཞོ་པོ་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། མཇུག་ཏུ་བོད་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་ཀྱི་ཐད་ལའང་སེམས་འཚབ་ཡོད་སྐོར་ནན་བརྗོད་གནང་ཡོད་པ་རེད།