བོད་ཡིག་མ་ཤེས་ན་བོད་པ་ཡིན་ཟེར་བར་གདེང་ཚོད་མི་འདུག
ང་རང་ལ་མཚོན་ན་སྲིད་སྐྱོང་བློ་བཟང་སེང་གེ་མིག་དཔེ་བལྟ་ས་ཡོད་ན་མེད་ན་ཞིག་ཡིན། ངས་ཁོང་ལ་མིག་དཔེར་བལྟས་ནས་དཀའ་ལས་མང་པོ་རྒྱག་གི་ཡོད་ཅེས་མའེ་སོར་མཐོ་སློབ་ཀྱི་སློབ་མ་བསོད་ནམས་ལྷ་མོས་བརྗོད་བྱུང་།
དགའ་ལྡན་ཕོ་བྲང་གི་མཐུན་འགྱུར་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་ཚོས་གཡར་ཁའི་གུང་གསེང་དང་བསྟུན་ཏེ། ཟླ་བ་གཅིག་གི་རིང་ལོ་རྟག་པར་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཞིག་འཚོག་གི་ཡོད་པ་ལྟར། འདི་ལོར་ཡང་ཕྱི་ཟླ་༥ ཚེས་༡༨ ནས་ཕྱི་ཟླ་༦ པའི་ཚེས་༡༨ བར་ཟླ་གཅིག་གི་རིང་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་བོད་པའི་སློབ་མ་༣༨ ཀྱིས་ས་རཱ་མཐོ་སློབ་ཏུ་བོད་ཀྱི་སྐད་ཡིག་སྦྱང་གི་ཡོད་པས། འདི་གའི་གསར་འགོད་པས་མཐོ་སློབ་མི་འདྲ་བ་ཁག་ཅིག་གི་སློབ་མ་ཚོར་བཅར་འདྲི་བྱས་ཡོད།
མའེ་སོར་མཐོ་སློབ་ཀྱི་སློབ་མ་བསོད་ནམས་ལྷ་མོར་ཁྱེད་རང་ས་ཪཱ་མཐོ་སློབ་ཏུ་ཟླ་བ་གཅིག་གི་རིང་བོད་ཡིག་སྦྱང་སར་ཡོང་དགོས་པའི་དམིགས་ཡུལ་གང་ཡིན་ཞེས་དྲིས་པར། ཁོང་གིས་“ང་རང་འཛིན་གྲྭ་ལྔ་པ་བར་བོད་གཞུང་གི་སློབ་གྲྭར་སོང་བ་ཡིན། ཡིན་ན་ཡང་། དེའི་རྗེས་ནས་གཞི་རིམ་སློབ་གྲྭ་ཚང་མ་རྒྱ་གར་གྱི་སློབ་གྲྭར་ཕྱིན་པ་ཡིན། སྐབས་དེར་ང་རང་གིས་ག་རེ་ཚོར་སོང་ཟེར་ན། བོད་སྐད་དང་བོད་ཡིག་མ་ཤེས་ན་མི་ཞིག་ཡིན་རུང་། ང་བོད་པ་ཡིན་ཟེར་བར་གདེང་ཚོད་མེད་པ་ལྟ་བུ་ཆགས་ཀྱི་འདུག རྩ་བས་མི་ཞིག་ཡིན་ཡང་བོད་ཀྱི་སྐད་ཡིག་མ་ཤེས་ན་ང་བོད་པ་ཡིན་ཞེས་ཁ་ནས་བཤད་པ་ཙམ་གྱིས་ཏག་ཏག་བསྡད་ཡོད་མ་རེད། དེར་བརྟེན་སློབ་གྲྭའི་གུང་གསེང་དང་བསྟུན་ནས་ས་རཱ་མཐོ་སློབ་ཏུ་བོད་ཡིག་སྦྱང་རྒྱུའི་གོ་སྐབས་ཡག་པོ་ཞིག་རག་པ་དེར་ཡོང་བ་ཡིན། ང་འདིར་ཡོང་བ་དེ་ཁ་ཧ་ཅང་སྐོམ་པའི་མི་ཞིག་བྱེ་ཐང་ཏུ་འགྲོ་བའི་སྐབས་སུ་ཆུ་རག་སོང་བ་དང་གཅིག་པ་རེད། ང་རང་གི་དམིགས་ཡུལ་བཞིན་སྐོམ་སེལ་བ་ལྟ་བུའི་སེམས་ལ་བདེ་བ་ཐོབ་སོང་། ད་རེས་འདིར་ཡོང་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་བོད་ཡིག་གང་འཚམས་ཡག་པོ་ཤེས་སོང་། དགེ་རྒན་དེ་ཚོ་དཔེ་ཡག་པོ་འདུག མ་འོངས་པར་འདིར་བོད་ཡིག་སྦྱང་ཡོང་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོང་ས་རེད་”ཅེས་བརྗོད་བྱུང་།
ཡང་ཁོང་ལ་རྒྱ་གར་གྱི་སློབ་མ་དང། བོད་པའི་སློབ་མ་ཚོའི་བར་དམིགས་ཡུལ་འཛིན་སྟངས་ལ་ཁྱད་པར་འདུག་གམ་ཞེས་དྲིས་པར། ཁོང་གིས་“ང་ཚོ་བོད་རིགས་ཚོར་དམིགས་ཡུལ་གཅིག་ལས་དམིགས་ཡུལ་གཉིས་པ་ཡོད་མ་རེད། དཔེར་ན། དངུལ་ཁང་ནང་ལས་ཀ་བྱ་རྒྱུའི་དམིགས་ཡུལ་ཡོད་པའི་སློབ་མ་གང་ཞིག་གིས་སོ་སོའི་ལས་ཀ་དེ་མ་རག་པ་ཡིན་ན། དམིགས་ཡུལ་གཉིས་པ་གྲ་སྒྲིག་ཡོད་མ་རེད། དེ་འགྲིག་གི་ཡོད་མ་རེད། ངས་བསམ་ན་དང་པོ་ནས་དམིགས་ཡུལ་གཅིག་ཡོད་པས་འགྲིག་གི་ཡོད་མ་རེད། དམིགས་ཡུལ་གཉིས་པ་ངེས་པར་དུ་ཡོད་དགོས་ཀྱི་ཡོད་རེད། རྒྱ་གར་གྱི་སློབ་མར་མཚོན་ན་ཐོག་མར་ཕྲུ་གུས་སློབ་ཚན་བདམ་དུས་ཕ་མ་ཚོས་རོགས་པ་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་ང་ཚོ་བོད་པའི་ཕ་མ་དེ་ཚོས་གནད་དོན་དེའི་ཐོག་ཞེ་དྲག་ཤེས་ཀྱི་མེད་པར་བརྟེན། ཕྲུ་གུ་ཚོར་ལམ་སྟོན་བྱེད་ཐུབ་ཀྱི་ཡོད་མ་རེད། ཕྲུ་གུ་ཚོས་བསམ་བློ་ཏག་ཏག་གཏོང་ཤེས་ཀྱི་མེད་པར་བརྟེན་དམིགས་ཡུལ་ཡག་པོ་འཛིན་ཤེས་ཀྱི་ཡོད་མ་རེད། གྲོགས་པོ་གང་དུ་སོང་ན་དེར་འགྲོ་ཡི་ཡོད་རེད། དམིགས་ཡུལ་དེ་འདྲ་ཞིག་མ་གཏོགས་ཡོད་མ་རེད། དེར་བརྟེན་ངས་བསམ་ན་ཕ་མ་ཚོས་སོ་སོའི་ཕྲུ་གུ་ཚོར་ཆུང་དུས་ནས་ལམ་སྟོན་ཡག་པོ་བྱེད་དགོས་པ་གལ་ཆེན་པོར་མཐོང་གི་ཡོད། ང་རང་ཡིན་ན་མ་འོངས་པར་རིགས་གཅིག་རྐང་འཛིན་བྱེད་ཐུབ་པ་བྱ་རྒྱུ་ཡིན། དེ་རྗེས་ས་རཱ་མཐོ་སློབ་ཏུ་ལོ་གཅིག་རིང་བོད་ཡིག་སྦྱང་སར་ཡོང་རྒྱུའི་འཆར་གཞི་དང་། དེ་ནས་བོད་གཞུང་ནང་ལས་ཀ་བྱ་རྒྱུ་ཡིན། ང་རང་ལ་མཚོན་ན་སྲིད་སྐྱོང་བློ་བཟང་སེང་གེ་མིག་དཔེ་བལྟ་ས་ཡོད་ན་མེད་ན་ཞིག་ཡིན། ངས་ཁོང་ལ་མིག་དཔེར་བལྟས་ནས་དཀའ་ལས་མང་པོ་རྒྱག་གི་ཡོད། ང་རང་གིས་ནམ་རྒྱུན་ཨང་གཉིས་པ་དེ་འདྲ་ལེན་གྱི་ཡོད། དེ་ཚོ་ཚང་མ་བློ་བཟང་སེང་གེར་མིག་དཔེར་བལྟས་ནས་སེམས་ཤུགས་སླེབས་སོང་། དེར་བརྟེན་༧གོང་ས་མཆོག་བླ་མ་རེད། དེའི་རྗེས་སུ་བློ་བཟང་སེང་གེ་ཡིན། དེ་ནས་ངའི་ཕ་མ་ཡིན། སྔོན་མ་ང་རང་རྒྱ་གར་སྤྱི་ཚོགས་ནང་སློབ་གྲྭ་འགྲོ་དུས་མི་ཚང་མ་གཅིག་མཚུངས་ཡིན་བསམ་གྱི་ཡོད། གང་ཡིན་ཟེར་ན། སློབ་གྲྭར་སློབ་ཡོན་སྤྲད་ཚར་དུས་སློབ་མ་ཚང་མར་ཐོབ་ཐང་འདྲ་མཉམ་སྤྲད་ཀྱི་ཡོད་རེད། དེར་བརྟེན་ངས་ཀྱང་འདྲ་མཉམ་ཡིན་བསམ་སོང། ཡིན་ན་ཡང་འཛིན་རིམ་བཅུ་གཉིས་ཐོན་ནས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་(RC)བཟོ་སར་འགྲོ་སྐབས་གཞི་ནས་ང་ལུང་པ་མེད་སའི་མི་ཞིག་ཡིན་བསམ་པའི་ཚོར་སྣང་ཆེན་པོ་བྱུང་སོང་”ཞེས་བརྗོད་བྱུང་།
ཤིས་ལུང་མཐོ་སློབ་ཅིག་ནས་སློབ་མཐར་ཕྱིན་པའི་སློབ་མ་བསྟན་འཛིན་སྐྱིད་འཛོམས་ལ། ཁྱེད་རང་འདིར་ཡོང་ནས་ཐོག་མའི་དམིགས་ཡུལ་བཞིན་བྱུང་སོང་ངམ་ཞེས་དྲིས་པར། ཁོང་གིས་རྩ་བས་དེང་སང་ང་ཚོ་གུང་གསེང་རེད། མཐོ་སློབ་ལོ་གསུམ་གྱི་རིང་བོད་ཡིག་ལ་ལག་པ་འཆང་ཡོད་མ་རེད། མ་ཟད་ཤིས་ལུང་ལ་བོད་མི་མང་པོ་ཡོད་མ་རེད། གོ་སྐབས་འདི་འདྲ་ཡོད་པ་ཤེས་ཁག་པོ་འདུག ཡིན་ན་ཡང་ད་ལོར་ངའི་གྲོགས་པོ་ཁ་ཤས་ཤིག་གིས་ང་ལ་ལན་སྤྲད་སོང་། རྩ་བས་བོད་ཡིག་སྦྱང་རྒྱུའི་འདོད་པ་ཆེན་པོ་ཡོད། དེར་བརྟེན་ད་རེས་འདིར་བོད་ཡིག་སྦྱང་སར་ཡོང་བ་ཡིན། ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཚོ་དཔེ་ཡག་པོ་འདུག གཏིང་ཟབ་པོ་སློབ་ཀྱི་འདུག དེར་བརྟེན་ང་ཚོར་བོད་ཡིག་ལ་དོ་སྣང་ཡོད་པ་བཟོ་ཡི་འདུག་ཅེས་བརྗོད་བྱུང་། ཡང་ཁོང་ལ་མ་འོངས་པར་ཁྱེད་རང་གིས་སྤྱི་ཚོགས་གང་ཞིག་ཏུ་ལས་ཀ་བྱ་འཆར་ཡོད་ཅེས་དྲིས་པར། ང་རང་གིས་ཚོང་འབྲེལ་དང་རྩིས་ཀྱི་སྐོར་སློབ་སྦྱོང་བྱས་པ་རེད། གཞི་རིམ་འཛིན་གྲྭར་མ་ཤེས་པའི་སློབ་ཁྲིད་བྱེད་སྟངས་མང་པོ་ཞིག་མཐོ་སློབ་ལ་སོང་ནས་ཤེས་སོང། མ་འོངས་པར་བོད་གཞུང་གི་སློབ་གྲྭ་གང་ཞིག་ཏུ་དགེ་རྒན་བྱ་རྒྱུའི་འདོད་པ་ཡོད་ཅེས་བརྗོད་བྱུང་།
ལྡི་ལིའི་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཚེ་རིང་ལ། ཁྱེད་རང་འདིར་ཡོང་ནས་བོད་ཡིག་སྦྱང་དགོས་པའི་རྒྱུ་མཚན་མདོར་བསྡུས་ཤིག་གསུངས་རོགས་ཞེས་བརྗོད་པར། ཁོང་གིས་སྔོན་མ་ངའི་ཨ་ཅག་ཁོ་ཚོ་ཟླ་བ་གཅིག་གི་རིང་འདིར་འཛུལ་ཞུགས་བྱས་ནས་ཕན་ཐོགས་ཆེན་པོ་བྱུང་འདུག ཁོང་ཚོས་འདིར་སོང་ནས་སྔོན་མ་གཞི་རིམ་སློབ་གྲྭར་གང་སྦྱངས་པ་དེ་བསྐྱར་སྦྱོང་ཡག་པོ་རག་སོང་ཟེར་གྱི་འདུག ཡང་ཕྱོགས་གཅིག་ནས་ནམ་རྒྱུན་ང་རང་ཚན་རིག་དང་བོད་ཡིག་ལ་དོ་སྣང་ཆེན་པོ་ཡོད། ཡིན་ན་ཡང་མཐོ་སློབ་ཏུ་འགྲོ་སྐབས་སོ་སོས་བོད་ཡིག་སྦྱང་དགོས་བསམ་ན་ཡང་ཁོར་ཡུག་དང་ཕྱོགས་མང་པོ་ཞིག་གི་ཐད་ནས་ལག་ལེན་བསྟར་ཐུབ་ཀྱི་མི་འདུག དེར་བརྟེན་ད་རེས་སོ་སོས་བྱེད་དགོས་བསམ་པ་དེ་ལག་ལེན་བསྟར་སའི་གོ་སྐབས་ཤིག་རེད་བསམ་ནས་འདིར་བོད་ཡིག་སྦྱང་སར་ཡོང་བ་ཡིན་ཞེས་བརྗོད་བྱུང་།
ཡང་ཁོང་ལ་ཁྱེད་རང་གིས་མ་འོངས་པར་བོད་གཞུང་ནང་ལས་ཀ་བྱ་རྒྱུའི་འདུན་པ་ཡོད་དམ་ཞེས་དྲིས་པར། ང་རང་ཡིན་ན་རྫས་སྦྱོར་རིག་པའི་སྒང་ལ་སློབ་སྦྱོང་བྱེད་ཀྱི་ཡོད། བསམ་བློ་ཡག་པོ་བཏང་ན་བོད་པའི་སྤྱི་ཚོགས་ནང་ཚན་རིག་ཐོག་སློབ་སྦྱོང་ཚད་མཐོན་པོ་བྱེད་མཁན་མང་པོ་ཡོད་རེད་བསམ་གྱི་མེད། ང་རང་གིས་༧གོང་ས་མཆོག་གི་དགོངས་གཞི་ལྟར་ཚན་རིག་ཐོག་རིགས་གཅིག་རྐང་འཛིན་བྱེད་དགོས་བསམ་གྱི་ཡོད། གལ་སྲིད་ངས་བོད་གཞུང་ནང་ལས་ཀ་བྱས་པ་ཡིན་ན། དགེ་རྒན་འདྲ་བོ་དང་སྨན་རྩིས་ཁང་འདྲ་བོ་མ་གཏོགས་ང་རང་གིས་མཐོང་ཚུལ་ལ་ལས་ཀ་བྱེད་ས་མང་པོ་མཐོང་གི་མི་འདུག ཡིན་ན་ཡང་དེང་སང་སློབ་གྲྭ་ཁག་གི་ནང་ཚན་རིག་དགེ་རྒན་དགོས་ཀྱི་ཡོད་རེད། དེར་འདོད་པ་ཆེན་པོ་ཡོད་ཅེས་བརྗོད་བྱུང་།
ཝེ་ཇི་ཝ་ར་མཐོ་སློབ་ཀྱི་སློབ་མ་པདྨ་ཚེ་དབང་གིས་ང་རང་མཐོ་སློབ་ལ་སོང་ནས་ལོ་གཉིས་འགྲོ་སོང་། དེའི་རིང་བོད་ཡིག་སྦྱང་སའི་ཁོར་ཡུག་དང་གོ་སྐབས་རག་ཡོད་མ་རེད། གང་ཡིན་ཟེར་ན། མཐོ་སློབ་ཁག་ཏུ་སློབ་ཚན་འདྲ་མིན་མང་པོ་ཡོད་རེད། དེ་ནང་བཞིན་རྒྱ་གར་གྱི་མཐོ་སློབ་ལ་འགྲོ་དུས་བོད་པའི་སློབ་ཕྲུག་མང་པོ་ཡོད་མ་རེད། དེར་བརྟེན་བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་བ་ཉུང་ཉུང་རེད། རྩ་བས་ང་རང་གིས་ནང་ཆོས་དང་བོད་ཡིག་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་སྦྱངས་པ་ཡིན། སྐབས་དེར་དོ་སྣང་ཡང་ཆེན་པོ་ཡོད། ལྷག་པར་དུ་སྙན་རྩོམ་དེ་འདྲ་འབྲི་རྒྱུར་དབྱིངས་ཡོད། དེར་བརྟེན་ད་རེས་འདིར་སྔོན་མ་གང་སྦྱངས་པ་དེ་བསྐྱར་སྦྱོང་དང་། དེ་བཞིན་སྔར་མ་ཤེས་པ་དེ་ཚོ་ཤེས་རྟོགས་ཆེད་བོད་ཡིག་སྦྱང་སར་ཡོང་བ་ཡིན། མ་འོངས་པར་ཡང་གཞུང་ཞབས་ནང་ལས་ཀ་བྱེད་བསམ་གྱི་ཡོད་པས། ད་དུང་བོད་ཡིག་སྦྱང་རྒྱུའི་གོ་སྐབས་རག་གི་རེད་བསམ་གྱི་ཡོད་ཅེས་བརྗོད་བྱུང་།
ཅན་རྡི་སྒར་མཐོ་སློབ་ཀྱི་སློབ་མ་ཆོས་གྲགས་ལ། ཁྱེད་རང་ཚོ་འདིར་སློབ་ཚན་སྒྲིག་སྟངས་དང་སློབ་ཁྲིད་བྱེད་ཕྱོགས་ག་འདྲ་འདུག་ཅེས་དྲིས་པར། ཁོང་གིས་སློབ་ཚན་དེ་ས་རཱ་མཐོ་སློབ་ཀྱིས་བསྒྲིགས་གནང་བའི་ཟླ་བ་གཅིག་རིང་གི་སློབ་ཚན་དེ་རེད། དེ་ཡིན་ན་ཟླ་བ་གཅིག་ལ་དཔག་པའི་དགེ་རྒན་ཚོས་སློབ་ཁྲིད་བྱེད་སྟངས་དེ་སོ་སོའི་ངོས་ནས་འདོད་པ་ཁེངས་པ་ཞིག་བྱུང་སོང་བསམ་གྱི་ཡོད། དགེ་རྒན་ཚོས་ཟླ་བ་གཅིག་ལ་དཔག་པའི་བོད་ཡིག་སློབ་ཁྲིད་གནང་བ་དེས་སོ་སོ་ལ་ཕན་ཐོགས་ཆེན་པོ་བྱུང་སོང་། མ་འོངས་པར་ཡང་ས་རཱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ནས་ལོ་གསུམ་རིང་བོད་ཡིག་སྦྱོང་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་བྱུང་།
ཡང་ཁོང་ལ་དེང་སང་རྒྱ་གར་མཐོ་སློབ་ཁག་ནས་ཐོན་པའི་བོད་པ་མང་པོ་ཞིག་གིས། བོད་མིའི་སྤྱི་ཚོགས་ནང་སོ་སོའི་སློབ་ཚན་དང་འབྲེལ་བའི་ལས་ཀ་མ་རག་པའི་དཀའ་ངལ་ཡོང་གི་ཡོད་པ་དེར་བསམ་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས་བོད་པའི་སྤྱི་ཚོགས་ནང་བོད་རང་གིས་བཙུགས་པའི་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་མཐོ་སློབ་དེ་འདྲ་མེད་པར་བརྟེན། རྒྱ་གར་གྱི་མཐོ་སློབ་ཁག་ཏུ་མ་འགྲོ་རང་འགྲོ་ཆགས་ཀྱི་ཡོད་རེད། ཡང་ཕྱོགས་གཅིག་ནས་ངའི་བསམ་པར་བོད་པའི་སློབ་མ་ཚོར་གདེང་ཚོད་མི་འདུག་བསམ་གྱི་ཡོད། དེར་བརྟེན་སོ་སོའི་དམིགས་ཡུལ་ཞིག་ཁྱེར་ནས་འགྲོ་ཡི་རེད། ཡིན་ན་ཡང་དེ་ནང་བཞིན་གྱི་ལས་ཀ་རག་གི་ཡོད་མ་རེད། རྩ་བས་རྒྱ་གར་གྱི་སློབ་མ་ཚོ་དང་འདྲ་བར་སློབ་སྦྱོང་ཡོད་ན་ཡང་གདེང་ཚོད་མི་འདུག དེར་བརྟེན་མ་འོངས་པར་ལས་ཀ་ག་རེ་བྱས་ན་ཡང་གདེང་ཚོད་ཆེན་པོ་དགོས་པ་གལ་ཆེན་པོ་མཐོང་གི་འདུག་ཅེས་བརྗོད་བྱུང་།
ལྡི་ལིར་སེམས་ཁམས་རིག་པའི་མཐོ་སློབ་ཅིག་ཏུ་སློབ་གཉེར་གནང་བཞིན་པའི་སློབ་མ་རིག་འཛིན་ཚེ་རིང་རྡོ་རྗེས། ང་རང་གིས་སེམས་ཁམས་རིག་པའི་སྒང་ལ་སློབ་གཉེར་བྱེད་པའི་ཞོར་དུ་གཞས་ཀྱི་སྒང་ལ་ཟུར་དུ་སློབ་སྦྱོང་བྱེད་ཀྱི་ཡོད། ཟླ་བ་གཅིག་གི་རིང་ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཚོས་བོད་རིགས་སློབ་མ་ཚོའི་ཆེད་བོད་ཡིག་དང་བོད་སྐད་སློབ་ཀྱི་འདུག རྩ་བས་ང་ཚོས་སྔོན་མ་གཞི་རིམ་འཛིན་གྲྭར་སྦྱང་ཚར་པ་རེད། ཡིན་ན་ཡང་ལོ་གཉིས་ཙམ་གྱི་རིང་བོད་ཡིག་ལ་ལག་པ་མ་འཆང་བར་བརྟེན། མང་པོ་ཞིག་བརྗེད་འགྲོ་ཡི་འདུག འདིར་ཡོང་ནས་དེ་ཚོར་ཕན་ཐོགས་ཆེན་པོ་བྱུང་སོང་། དགེ་རྒན་ཚོས་སློབ་ཁྲིད་བྱེད་སྟངས་དཔེ་ཡག་པོ་འདུག དེ་ནང་བཞིན་བོད་སྐད་ནང་མི་མཐོན་པོ་དང་དེ་འདྲར་སྐད་ཆ་བཤད་སྟངས་ཡག་པོ་སློབ་ཀྱི་འདུག དེར་བརྟེན་འདིར་ཡོང་ནས་སྐད་ཆ་བཤད་སྟངས་དང་དག་ཆ་དེ་ཚོ་ཡར་རྒྱས་ཡག་པོ་འགྲོ་སོང་། རྩ་བས་ང་ཚོའི་སྤྱི་ཚོགས་ནང་གཞས་གཏོང་མཁན་མང་པོ་ཞིག་ཡོད་རེད། ཡིན་ན་ཡང་གཞས་པ་སྐད་གྲགས་ཡོད་ས་དེ་འདྲ་ཡོད་མ་རེད། དེ་གང་གིས་རེད་ཟེར་ན། སོ་སོའི་ངོས་ནས་དཀའ་ལས་རྒྱག་ཐུབ་ཀྱི་ཡོད་མ་རེད། གཞས་པ་སྐད་གྲགས་འགྲོ་མཁན་ཚང་མ་སོ་སོའི་ངོས་ནས་དཀའ་ལས་བརྒྱབ་པ་ཞིག་རེད། དེར་བརྟེན་མ་འོངས་པར་ང་རང་གིས་བོད་གཞས་ཀྱི་སྒང་ལ་ཆེད་ལས་བྱ་བསམ་ཡོད་ཅེས་བརྗོད་བྱུང་།
ས་རཱ་མཐོ་སློབ་ཏུ་ཟླ་བ་གཅིག་གི་རིང་བོད་པའི་མཐོ་རིམ་སློབ་མ་ཚོར་བོད་ཀྱི་རྒྱལ་རབས་དང་། ནང་ཆོས། རྩོམ་རིག བརྡ་སྤྲོད་བཅས་སློབ་ཁྲིད་གནང་གི་ཡོད་པ་རེད་འདུག །
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༢ ཕྱི་ལོ་ ༢༠༡༣/༦/༡༢ ཐོག་བཀོད།