འཆི་མེད་རྡོ་རྗེས་བལ་སྒོར་འབུམ་༨༨ ལྐོག་ཟ་བྱས་པ།

2013_6_18

བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁང་གི་རྩིས་པ་ཟུར་པ་འཆི་མེད་རྡོ་རྗེས་བཟོ་གཞིས་འགོ་འཛིན་དང་བཟོ་གཞིས་འགན་འཛིན་ལྷན་ཚོགས་གཉིས་ཀྱི་བཀའ་འཁྲོལ་མེད་པར། ས་ཆ་ཉོ་སྒྲུབ་བྱས་ཚུལ་གྱི་ཡིག་ཆ་དང་རྩིས་ཁྲ་རྫུན་བཟོ་བྱས་ཏེ་སྤྱི་དངུལ་བལ་སྒོར་འབུམ་༨༨ ལྐོག་ཟ་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་དབུས་བོིད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། འཆི་མེད་རྡོ་རྗེ་དེ་སྔ་ཕྱི་ལོ་༡༩༩༢ ཟླ་ ༡ ཚེས་ ༡ནས་བལ་ཡུལ་འཇོ་ཁེལ་བཟོ་གཞིས་ལས་ཁང་གི་རྩིས་པ་ཡིན་པའི་སྐབས་དང་། དེ་རྗེས་ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༡ ནས་ས་གནས་འགོ་འཛིན་ལས་ཚབ་དང་རྩིས་པ་གཅིག་ལྕོགས་ཡིན་པའི་སྐབས་གཉིས་ཀར་རྩིས་ཁྲ་དང་ཡིག་ཆ་རྫུན་བཟོ་བྱས་ཏེ། སྤྱི་དངུལ་བལ་སྒོར་འབུམ་༨༨ ལྐོག་ཟ་བྱས་ཡོད་པ་རེད་འདུག

2013_6_18དེ་རྗེས་ཁོང་བཟོ་གཞིས་ལས་ཁུངས་སུ་གསལ་བཤད་ཆེད་འབོད་འགུགས་བྱས་ཀྱང་མ་བཅར་བས། མཐར་གསལ་བཤད་དག་འབུད་བྱ་རྒྱུ་ཡོད་ཚེ་ཉིན་གྲངས་༦༠ ནང་ཚུད་ངོ་བཅར་དགོས་པའི་གསལ་བསྒྲགས་ཆེད་སྤེལ་བྱས་པ་ལའང་ཡ་ལན་རྩ་བ་ནས་བྱས་མེད་པ་རེད།

དེར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༣ ༼༢༽ པར་གསལ་བའི་ཡུལ་མིའི་ལས་འགན་དང་རྩ་འགལ་བྱས་ཡོད་པས། ཁོ་པས་འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ། བོད་མིའི་སྒྲིག་འཇུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་ཡོངས་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཐག་ཆོད་བྱས་ཡོད་པ་རེད།

འཆི་མེད་རྡོ་རྗེ་ནི། ཕ་ཚེ་འདས་ཚེ་རིང་ཆོས་འཕེལ་དང་། མ་བསོད་ནམས་དབྱངས་འཛོམས་གཉིས་ཀྱི་བུར་ཕྱི་ལོ་༡༩༦༢ ལོར་ཨ་སམ་དུ་སྐྱེས་ཡོད་འདུག་པ་དང་། དཔྱ་ཁྲལ་ལག་དེབ་ཨང་། ༼༦༨༨༠༥༥༩༽ ཡིན་པ་རེད། རྡ་སྟེང་བོད་ཁྱིམ་སློབ་གྲ་ནས་འཛིན་རིམ་བཅུ་པ་ཐོན་རྗེས་རྡོར་གླིང་མཐོ་སློབ་ཏུ་ཕྱིན་ཡོད་འདུག་པ་དང་ད་ལྟའི་སྡོད་གནས་ཀ་སྦུག་ཡིན་འདུག