ལྡི་ལི་རུ་༧དཔལ་ཀརྨ་པའི་འཁྲུངས་སྐོར་སྲུང་བརྩི།
ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་རྒྱ་གར་རྒྱལ་ས་ལྡི་ལི་ས་གནས་བོད་སྒར་བསམ་ཡས་གླིང་གཞིས་སྒར་དུ། བཀའ་བརྒྱུད་བདེ་དོན་ཚོགས་པའི་གོ་སྒྲིག་འོག ༧ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་འཁྲུངས་སྟེ། ཕྱི་ལུགས་དགོང་གྲངས་ཉེར་བརྒྱད་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རང་གཞུང་ལྡི་ལི་དོན་གཅོད་དྲུང་གཞོན་དཔལ་ལྡན་དོན་གྲུབ་དང། བསམ་ཡས་གླིང་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།
དེ་ཡང་ཐོག་མར་༧གོང་ས་མཆོག་དང་༧རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་གནང་རྗེས། སྐུ་མགྲོན་དང་མི་མང་ལ་གསོལ་ཇ་འབྲས་སིལ་སོགས་འདེགས་འབུལ་དང་། བཀའ་བརྒྱུད་བདེ་དོན་ཚོགས་པའི་ཚོགས་གཙོ་སྟོབས་ལྡན་ཚེ་རིང་གིས་དཔལ་རྒྱལ་བ་ཀརྨ་པ་མཚུར་ཕུ་བླ་བྲང་ནས་བསྩལ་བའི་འཚམས་འདྲིའི་གནས་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་རེད།
དེ་རྗེས་ལྡི་ལི་ས་གནས་འགོ་འཛིན་ལེགས་སྐྱིད་རྡོ་རྗེས་འཁྲུངས་སྐོར་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་རང་གཞུང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་གཞོན་དཔལ་ལྡན་དོན་གྲུབ་ཀྱིས་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་སྐབས། རྒྱལ་བསྟན་སྤྱི་དང་བྱེ་བྲག་རང་ཅག་བོད་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་སྐྱབས་མཆོག་དམ་པ། ལྷག་པར་དུ་འགྲོ་མགོན་བཀའ་བརྒྱུད་བསྟན་པའི་གཙུག་རྒྱུན་༧དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་འདི་ང་རང་ཚོའི་ངོས་ནས་དགའ་སྤྲོའི་ཆེན་པོའི་ངང་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་རེད། དེ་ལས་གལ་ཆེ་ཤོས་ཏེ་ནི་ཁོང་དང་ཁོང་གིས་མཚོན་པའི་རང་ཅག་གངས་ཅན་པའི་བླ་ན་མེད་པའི་ཆོས་ཀྱི་དབུ་ཁྲིད་ཚོའི་བཀའ་དགོངས་འགལ་མེད་ཐོག་བསམ་པ་བཟང་པོ་སྤྱོད་པ་བཟང་པོ་བྱེད་དགོས་པ་དང་། ལྷག་དོན་བོད་པ་ནང་ཁུལ་ཕྲག་དོགས་དང་འགྲན་རྩོད་ཡ་རབ་བཟང་སྤྱོད་སོགས་དང་འགལ་བའི་བྱ་བ་མཐའ་དག་སྤང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
དེ་ནས་ལདི་ལི་བཀའ་བརྒྱུད་གོ་སྒྲིག་ཚོགས་ཆུང་སྐར་བརྟན་ཚེ་རིང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཉིན་འདིའི་མཛད་སྒོ་གྲོལ་ཡོད་པ་རེད།
རྒྱ་གར་རྒྱལ་ས་ལྡི་ལི་ནས་མོ་གྷོ་གསར་འགོད་པས།