བཙུན་མ་གཉིས་གློད་གྲོལ་བཏང་འདུག
རྒྱ་གཞུང་གིས་ཕྱི་ལོ་༢༠༡༡ ལོར་བཙོན་འཇུག་གིས་ལོ་གསུམ་རེའི་ཁྲིམས་ཐག་བཅད་པའི་ཁམས་དཀར་མཛེས་རྫོང་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་གཉིས། ཁྲིམས་ཐག་ལོ་གསུམ་གྱི་དུས་ཡུན་ཚང་མེད་ན་ཡང་ཟླ་འདིའི་ཕྱི་ཚེས་༡༩ ཉིན་ཁོང་གཉིས་གློད་གྲོལ་བཏང་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༡ ལོའི་ཟླ་༦ པའི་ཚེས་༢༠ ཉིན་ཁམས་དཀར་མཛེས་དཀར་མཛེས་རྫོང་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་ཆོས་ཉིད་ལྷ་མོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་ཞི་བའི་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པར་བསྙད་དེ། རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་ཀྱིས་ལོ་༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་དུ་ཡོད་པའི་བུད་མེད་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་ན་ཡང་། ལོ་གསུམ་གྱི་དུས་ཡུན་མ་ཚང་གོང་སྟེ་ཟླ་འདིའི་ཕྱི་ཚེས་༡༩ ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་༩།༠༠ ཡས་མས་སུ་རྒྱ་ནག་གཞུང་གིས་ཁོ་མོ་གློ་བུར་དུ་བཙོན་གྲོལ་བཏང་ཡོད་འདུག
དེ་བཞིན་དཀར་མཛེས་རྫོང་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་བཀྲ་ཤིས་སྒྲོལ་དཀར་ཡང་། ཕྱི་ལོ་༢༠༡༡ ཟླ་ ༦ པའི་ཚེས་༡༨ ཉིན་དཀར་མཛེས་ཁུལ་དུ་ཞི་བའི་ངོ་རྒོལ་སྐབས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཡང་། ལོ་གསུམ་གྱི་དུས་ཡུན་མ་ཚང་གོང་སྟེ་ཟླ་འདིའི་ཕྱི་ཚེས་༡༩ ཉིན་བཙོན་གྲོལ་བཏང་ཡོད་འདུག