༢༠༡༥ ལོའི་ཚན་རིག་ཞིབ་འཇུག་གི་གསར་རྙེད་ཆེན་མོ་བཅུ།
འདི་ལོར། ཚན་རིས་པས་མུ་མཐའ་བྲལ་བའི་ཨ་སྔོན་དབྱིངས་ནས་གནམ་གྱི་སྐར་ཚོགས་འཚོལ་ཉུལ་དང་། ཕུན་སུམ་ཚོགས་ཤིང་མཛེས་སྡུག་ལྡན་པའི་སྐྱེ་དངོས་ཀྱི་འཇིག་རྟེན་ཁྲོད་ནས་ངོ་མཚར་ཆེ་བའི་ཚེ་སྲོག་གི་སྣང་ཚུལ་ལ་ཞིབ་འཇུག་བྱས།
༢༠༡༥ ལོར་ཚན་རིག་པའི་ཁྱབ་ཁོངས་སུ་བསམ་ཡུལ་ལས་འདས་པའི་གསར་རྙེད་ཀྱི་འབྲས་བུ་གཡུར་དུ་ཟ་བ་མངོན་འགྱུར་བྱུང་ཡོད་ཅིང་། ལོ་འདིའི་ནང་གྲགས་ཅན་ཧཱ་བྷལ་རྒྱང་ཤེལ་ཚན་རིག་བརྟག་ཞིབ་ཀྱི་མི་ལོ་༢༥ ཡི་ལོ་རྒྱུས་སུ་ཆས་པ་མ་ཟད། ཨེ་ཡེ་སི་ཐན་གྱིས་དེང་རབས་དངོས་ཁམས་རིག་པའི་ཀ་ཆེན་ལྟོས་གྲུབ་ཀྱི་རྣམ་གཞག་གསར་གཏོད་བྱས་ཏེ་མི་ལོ་བརྒྱ་འཁོར་བའི་ལོ་ཡང་རེད།
༢༠༡༥ ལོར་ཚན་རིག་པས་ཧྭ་བྷལ་རྒྱང་ཤེལ་དང་ཁེབ་ལྭར་རྒྱང་ཤེལ། སི་པེ་ཛར་རྒྱང་ཤེལ། གཏོས་ཆེའི་གདོང་ཐུག་འཕྲུལ་ཆས་བཅས་ཚད་མཐོའི་འཚོལ་ཞིབ་འཕྲུལ་ཆས་ཀྱི་ལམ་ནས་ལྐོག་འགྱུར་གྱི་རྫས་དང་མུན་དོང་། ལྡོག་རྫས། ཀོན་ཊམ་འཕྲིན་ལམ། ཚོད་ལྟ་སོགས་ཀྱི་ཕྱོགས་ལ་ཐོལ་བརྒལ་རང་བཞིན་གྱི་མདུན་སྐྱོད་ཆེན་པོ་བྱ་ཐུབ་པ་བྱུང་སྟེ། མུ་མཐུད་དུ་ཆེས་སྔ་མོའི་རྒྱུ་སྐར་དང་དགུ་ཚིགས། མུན་དོང་ཆེན་མོ། གསར་སྐྱེས་རྒྱུ་སྐར། སའི་གོ་ལ་དང་འདྲ་བའི་གཟའ་སྐར་སོགས་མང་པོ་ཞིག་གསར་རྙེད་བྱུང་པ་དང་། མི་རྣམས་ལ་གོམ་གང་མདུན་སྤོས་ཀྱིས་འཇིག་རྟེན་འདི་རྒྱ་ཆེ་བ་དང་འགྲོ་བ་མིའི་རིགས་ཀྱི་བློ་གྲོས་དམན་པ་ངོ་ཤེས་སུ་བཅུག་ཡོད།
ཚེ་སྲོག་ཚན་རིག་གི་ཁྱབ་ཁོངས་སུ་ཚན་རིག་པས་ད་ཡོད་ཀྱི་སློབ་དེབ་སྒྱུར་བཅོས་གཏོང་ཆོག་པའི་ཚེ་སྲོག་གི་སྣང་ཚུལ་གསར་རྙེད་བྱུང་ཡོད་ཅིང་། དཔེར་ན་རྩི་ཤིང་ལ་མིའི་རིགས་དང་འདྲ་བའི་དབང་རྩའི་མ་ལག་ཡོད་པ་དང་། ཕྱི་དངོས་པོའི་ཐོགས་རེག་གི་གནོད་འཚེ་བྱུང་སྐབས་མིའི་སེམས་ཁམས་ལ་གནོན་ཤུགས་ཐེབས་པའི་རྣམ་འགྱུར་དང་འདྲ་བའི་ཁྱད་ཆོས་མངོན་གྱི་ཡོད་སྟབས། རྩི་ཤིང་གི་དངོས་ལུགས་ཀྱི་ངོ་བོའི་སྟེང་ནས་ལས་སླ་མོའི་ངང་དྲི་ངད་ཕྱིར་འབྱིན་པ་ཙམ་མ་ཡིན་པར། ལུས་ཁམས་ཀྱི་དགོས་མཁོ་ལ་གཞིགས་ཏེ་(དཔེར་ན། ཕྱི་གནོད་འགོག་སྲུང་) རང་འགུལ་གིས་ཕྱིར་འབུད་གཏོང་བྱེད་བཞིན་ཡོད། ཟླ་ཉ་ནི་ཁྲག་དྲོན་མོའི་སྲོག་ཆགས་མིན་པ་གསར་ཏུ་ཤེས་རྟོགས་བྱུང་པའི་རིགས་པའི་ལམ་ནས་ད་ཡོད་སློབ་དེབ་ནང་གི་“ཉའི་རིགས་ནི་ཁྲག་གྲང་གི་སྲོག་ཆགས་ཡིན་པའི་”ངེས་ཚིག་བཅོས་དགོས་ཁེལ་ཡོད།
དབང་རྩ་རིག་པ་སྨྲ་བས་ཀླད་པའི་གཞི་སྒྲོམ་ཁྲོད་ལོ་བཅུ་ཕྲག་རིང་སྣང་མེད་དུ་བསྐྱུར་བའི་རྨེན་ཁུ་རྒྱུ་རྩ་ཡོད་པ་གསར་རྙེད་བྱུང་པ་དང་། དེར་བརྟེན་རིམས་འགོག་བྱེད་ལས་ཁྲོད་ཀླད་པའི་ནུས་པ་ལ་བསྐྱར་དུ་ངོས་འཛིན་བྱ་དགོས་ཀྱི་ཡོད་འདུག འདུས་རྡུལ་སྐྱེ་དངོས་ཚན་རིག་གི་ཞིབ་འཇུག་པས་མིའི་གཟུགས་ཁམས་ལ་ཕྱི་རོལ་གྱི་རིགས་རྒྱུད་ས་བོན་(སྐྱེད་འཕེལ་གཡོ་འགུལ་གྱི་སྣང་ཚུལ་) གསར་རྙེད་བྱུང་ཡོད་པ་དང་། སྐྱེ་དངོས་ངོ་མའི་རིགས་ལ་དེ་ལྟ་བུའི་སྣང་ཚུལ་རྒྱ་ཁྱབ་ཏུ་གྱུར་ཡོད་པར་བརྟེན། རིམ་འགྲོས་འགྱུར་ལྡོག་སྨྲ་བའི་ཚོད་བགམ་ནུས་མེད་དུ་གྱུར་ཟིན་པ་རེད།
གཅིག དགུ་ཚིགས་སྐྱ་མོའི་ཁྲོད་ལྐོག་འགྱུར་གྱི་རྫས་ཡོད་པའི་བདེན་དཔང་ཐོག་མར་རྙེད་པ།

ཟླ་༢ ཚེས་༩ ཉིན། ཡོ་རོབ་ཀྱི་ཚན་རིག་པས་ཐེངས་དང་པོར་སྐར་དབྱིབས་འཁོར་འགྲོས་མྱུར་ཚད་གཤིབ་བསྡུར་གྱི་ལམ་ནས་དགུ་ཚིགས་སྐྱ་མོའི་སྐར་ཚོགས་ཀྱི་ནང་ནས་འཇིག་རྟེན་ཁྲོད་དངོས་སུ་ལྐོག་འགྱུར་གྱི་རྫས་ཡོད་པའི་བདེན་དཔང་ཐད་ཀར་རྙེད་ཡོད། ཚན་རིག་པས་བརྗོད་དོན། “མིག་སྔར་གྱི་བརྟག་ཞིབ་གྲངས་ཐོ་ལས་དགུ་ཚིགས་སྐྱ་མོའི་ནང་ལྐོག་འགྱུར་གྱི་རྫས་ཡོད་པ་ར་འཕྲོད་པས་སླར་ཡང་ཚོད་བགམ་བྱ་དགོས་ངེས་མེད་པ་དང་། གྲུབ་འབྲས་དེས་མ་དཔེ་ལ་བརྟེན་པའི་རྒྱ་ལས་བརྒལ་ཐུབ་པའི་རེ་བ་ཡོད། དངོས་ཤུགས་གཉིས་ནས་ལྐོག་འགྱུར་གྱི་རྫས་ཀྱི་མ་ངེས་པའི་ཆ་རྩད་གཅོད་མི་དགོས་པར། དགུ་ཚིགས་སྐྱ་མོའི་གྲུབ་ཆ་དང་འཕེལ་འགྲིབ་ཀྱི་གསང་བ་བརྟོལ་ཐུབ་པའི་ཕན་ཐོགས་ཡོད།”
གཉིས། ཆེས་སྔ་མོའི་མུན་དོང་ཆེན་མོ་རྙེད་དེ་སྐྱེ་དངོས་རིག་པ་བསྐྱར་འབྲི་བྱ་དགོས་ཁེལ་སྲིད།

ཟླ་༢ ཚེས་༢༥ ཉིན་གནམ་དཔྱད་རིག་པས། འོད་ལོ་དུང་ཕྱུར་༡༢༨ ཀྱིས་བསྐལ་བའི་བརྟན་སྐར་དང་འདྲ་བའི་སྐར་ཚོགས་ཁྲོད། སྤུས་ཚད་ཉི་མ་ལས་ལྡབ་༡༢༠ ཀྱིས་ཆེ་བའི་ཆེས་སྔ་མོའི་མུན་དོང་ཆེན་མོ་SDSS J0100+2802 གསར་རྙེད་བྱུང་པའི་གསལ་བསྒྲགས་སྤེལ་ཡོད། མུན་དོང་དེ་འཇིག་རྟེན་ལས་ལོ་ངོ་དུང་ཕྱུར་༦ ཙམ་གྱི་གཞོན་པ་ཡིན་ནའང་། འོད་ཤུགས་ཉི་མ་ལས་ལྡབ་༤༢༠ ཀྱིས་ཆེ་བ་ཡོད་པ་རེད། ཚན་རིག་པ་རྣམས་ཆེས་ཧང་སང་པའི་གནས་ཚུལ་ཞིག་ནི། མུན་དོང་དེ་ནི་ལོ་ན་ཧ་ཅང་རྒན་པ་ཡིན་ཞིང་འཇིག་རྟེན་ཤིན་ཏུ་གཞོན་པའི་དུས་ནས་གྲུབ་ཟིན་པ་དང་། <<རྒྱལ་ཁབ་ཀྱི་ས་ཁམས་དུས་དེབ་>> ཐོག་བཀོད་པ་ལྟར་ན། འཇིག་རྟེན་འདི་ལོ་༡༠༠ ཡིན་པའི་དབང་དུ་བཏང་ན་མུན་དོང་དེ་འཇིག་རྟེན་ལོ་ན་༦ ཡིན་པའི་སྐབས་ནས་གྲུབ་ཟིན་པ་རེད།
ད་ཡོད་ཀྱི་ཚན་རིག་རྣམ་གཞག་ཐོག་ནས་སྤུས་ཚད་དེ་ལྟར་ཆེ་བ་དང་ནུས་ཤུགས་དེ་ལྟར་བཙན་པའི་མུན་དོང་ཞིག་ཅིའི་ཕྱིར་ཆེས་སྔ་མོའི་དུས་ནས་གྲུབ་པ་ཡིན་པའི་འགྲེལ་བརྗོད་བྱ་ཐབས་མེད་པར་བརྟེན། ཚན་རིག་པས་ཐེངས་འདིའི་གསར་རྙེད་ཀྱིས་འབྱུང་འགྱུར་སྐྱེ་དངོས་རིག་པ་བསྐྱར་འབྲི་བྱ་དགོས་པའི་ངོས་འཛིན་བྱེད་ཡོད།
གསུམ། མིའི་རིགས་ལ་ཕྱི་རོལ་གྱི་རིགས་རྒྱུན་ས་བོན་ཡོད་པ་ཤེས་ཏེ་རིམ་འགྲོས་འགྱུར་ལྡོག་སྨྲ་བའི་ལུགས་ཡོངས་སུ་དགག

ཟླ་༣ ཚེས་༡༣ ཉིན་<<རིགས་རྒྱུན་ས་བོན་ཚོགས་པའི་སྐྱེ་དངོས་རིག་པ་>> (Genome Biology) ཞེས་པའི་རིག་རྩལ་དུས་དེབ་སྟེང་འདུས་རྡུལ་སྐྱེ་དངོས་རིག་པའི་ཞིབ་འཇུག་སྙན་ཐོ་ཆེས་གསར་ཤོས་ཤིག་བཀོད་ཡོད་པའི་ནང་། འགྲོ་བ་མིའི་རིགས་ལ་གནའ་སྔ་མོའི་དུས་ནས་ཉེ་འཁོར་གྱི་ཁོར་ཡུག་ཁྲོད་ནས་དགོས་ངེས་ཀྱི་རིགས་རྒྱུན་ས་བོན་ཐོབ་བཞིན་ཡོད་(སྐྱེ་དངོས་རིག་པའི་ནང་“རིགས་རྒྱུན་ས་བོན་ཀྱི་ཆུ་ཚད་འཁོར་སྐྱོད་ཅེས་འབོད”)། ད་དུང་ཞིབ་འཇུག་དེས་ཐེངས་དང་པོར་རིགས་རྒྱུན་ས་བོན་ཆུ་ཚད་འཁོར་སྐྱོད་ནི་སྐྱེ་དངོས་རིགས་མང་པོའི་ཕུང་པོའི་བར་ལ་འབྱུང་བཞིན་པའི་བདེན་དཔང་བྱས་ཡོད།
ཚན་རིག་པས་བརྗོད་པ་ལྟར་ན། ཞིབ་འཇུག་དེས་རིམ་འགྲོས་འགྱུར་ལྡོག་སྨྲ་བས་ངོས་འཛིན་བྱས་པའི་སྐྱེ་དངོས་ནི་མཐའ་གཅིག་ཏུ་མེས་པོ་གོང་མའི་རིགས་རྒྱུན་ས་བོན་ལ་བརྟེན་དགོས་པའི་ལྟ་ཚུལ་དགག་ཡོད་པ་རེད། ཀེམ་བྷི་རེ་རྗི་སློབ་གྲྭ་ཆེན་མོའི་ཚན་རིག་སྨྲ་བ་ཁི་རི་སི་ཕི་ (Alastair Crisp) ཡིས་བརྗོད་དོན། “འདི་ནི་སྲོག་ཆགས་དང་མིའི་རིགས་ལ་རིགས་རྒྱུན་ས་བོན་གྱི་ཆུ་ཚད་འཕོ་འགྱུར་རྒྱ་ཁྱབ་ཏུ་ཡོད་པ་ཐོག་མར་རྙེད་པ་ཞིག་ཡིན་པ་མ་ཟད། གསོན་ཤུགས་ལྡན་པའི་རིགས་རྒྱུན་ས་བོན་བཅུ་ཕྲག་དང་ཐ་ན་བརྒྱ་ཕྲག་ཐོན་བཞིན་ཡོད། མི་རྣམས་ཆེས་ཧ་ལས་དགོས་པ་ཞིག་ནི། རིགས་རྒྱུན་ས་བོན་ཆུ་ཚད་འཕོ་འགྱུར་ནི་ཧ་ཅང་མཐོང་དཀོན་པོ་ཞིག་གཏན་ནས་མ་ཡིན་པར། མང་པོ་ཞིག་དང་འབྲེལ་བ་ཡོད་སྲིད་པ་དང་ཐ་ན་སྲོག་ཆགས་ཀུན་ལ་ཁྱབ་ཡོད་ཅིང་། དུས་ད་ལྟའང་རིགས་རྒྱུན་ས་བོན་ཆུ་ཚད་འཕོ་འགྱུར་འབྱུང་བཞིན་པ་དེས་ཅི་ཞིག་བསྟན་པ་རེད་ཅེ་ན། ང་ཚོས་རིམ་འགྲོས་འགྱུར་ལྡོག་སྨྲ་བའི་ལུགས་ཀྱི་ངོས་འཛིན་ལ་བསྐྱར་དུ་དབྱེ་ཞིབ་བྱ་དགོས་ཁེལ་ཡོད།”
བཞི། ཀླད་པའི་ནང་ནས་རྨེན་ཁུ་རྒྱུ་རྩ་རྙེད་པས་འབྱུང་འགྱུར་གསོ་རིག་གི་ངེས་ཚིག་བཅོས་དགོས་ཁེལ་བ།

ཟླ་༦ ཚེས་༡ ཉིན་ཨ་རིའི་ཝར་རྗན་ནི་ཡཱ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་ཆེས་གསར་ཤོས་ཤིག་ལས་ཀླད་པའི་ནང་རིམས་འགོག་མ་ལག་གི་རྨེན་ཁུ་རྒྱུ་རྩ་ཡོད་པ་བསྟན་ཡོད་སྟབས། དུས་དེ་ནས་བཟུང་མི་ལོ་བཅུ་ཕྲག་འགའི་སློབ་དེབ་ཁྲོད་“ཀླད་པའི་ནང་རྨེན་ཁུ་རྒྱུ་རྩ་མེད་པའི་”གཟུགས་པོ་ཆགས་ཚུལ་གྱི་འགྲེལ་བཤད་བཅོས་དགོས་ཐུག་ཡོད། ཞིབ་འཇུག་དེའི་འགན་འཁུར་མི་སྣ་ཡིན་པའི་ཝར་རྗན་ནི་ཡཱ་སློབ་གྲྭ་ཆེན་མོའི་ཚན་རིག་པ་ཁིབ་ནི་སི་ (Jonathan Kipnis) ཡིས་བརྗོད་དོན། གསར་དུ་རྙེད་སོན་བྱུང་བའི་གྲུབ་དོན་དེས་ང་ཚོའི་དབང་རྩའི་རིམས་འགོག་བར་གྱི་ནུས་པའི་ངོས་འཛིན་རྩ་བ་ནས་བསྒྱུར་ཡོད།
ཐེངས་འདིའི་གསར་རྙེད་ཀྱིས་མི་རྣམས་ལ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་དེང་རབས་གསོ་རིག་པས་སྙིང་གི་བཤེར་ཁུ་འཇུ་བྱེད་མ་ལག་རྙེད་པ་དྲན་སོས་སུ་བཅུག སྙིང་ནི་གཤེར་འཐེན་འཕྲུལ་ཆས་ཙམ་གྱི་སྟབས་བདེ་ཞིག་མ་ཡིན་པར། གཟུགས་ཕུང་གི་དབང་རྩ་དང་ནང་རོལ་བཤེར་ཁུ། རིམས་འགོག་བྱེད་ནུས་སྙོམ་སྒྲིག་བྱེད་མཁན་གྱི་དབང་པོ་གལ་ཆེ་ཤོས་ཡིན་པ་ཤེས་རྟོགས་བྱུང་ཡོད།
ལྔ། མཐོང་གསར་རྟགས་ཅན་ལོ་དགུ་དང་ཕྱེད་རིང་འཕུར་སྐྱོད་ཀྱིས་ཆེས་ཉེ་ས་ནས་སྐར་མ་གཤིན་རྒྱལ་ལ་ལྟ་བ།

ཟླ་༧ ཚེས་༡༣ ཉིན་ཨ་རིའི་གནམ་དཔྱད་ལས་ཁུངས་(NASA) ཀྱི་མཐོང་རྒྱ་གསར་པ་རྟགས་ཅན་གྱི་འཚོལ་ཞིབ་འཕྲུལ་ཆས་ལོ་༩ དང་ཕྱེད་ལ་ཉེ་བ་འཕུར་སྐྱོད་བྱས་པའི་རྗེས། སྐར་མ་གཤིན་རྒྱལ་གྱི་བར་སྣང་སྤྱི་ལེ་ཁྲི་༡་༢༥ ཡི་མཚམས་སུ་འབྱོར་ཏེ། ལོ་རྒྱུས་ཐོག་སྐར་མ་གཤིན་རྒྱལ་ལ་ཆེས་ཉེ་ས་ནས་ལྟ་ཞིབ་བྱེད་ཐུབ་པ་བྱུང་བ་དང་། མིག་སྔར་ཚན་རིག་པས་མཐོང་རྒྱ་གསར་པ་རྟགས་ཅན་གྱིས་སྤྱི་ལེ་དུང་ཕྱུར་༤༨ སར་ནས་བཏང་པའི་བརྟག་ཞིབ་གྲངས་ཐོ་ལ་གཞིགས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། སྐར་མ་གཤིན་རྒྱལ་ནི་སྔར་གྱི་འཆར་སྣང་ལྟར་ཤི་ཟིན་པའི་སྐར་མ་སྲོག་མེད་བེམ་གཟུགས་ཤིག་མ་ཡིན་པར། མཛེས་སྡུག་ལྡན་པ་དང་ཡ་མཚན་ཅན་གྱི་སྐར་མའི་གོ་ལ་བཀྲག་མདངས་ཅན་ཞིག་ཡིན་པ་དང་། གནམ་སྔོན་མོ་དང་རླུང་ཆེན། རི་བོ་མཐོ་པོ། འཁྱག་རོམ་དང་ཐ་ན་ཁ་བ་འབབ་པའི་ནམ་ཟླ་སོགས་ཀྱང་འཆིས་པའི་ས་གཤིས་དང་གནམ་གཤིས་ཀྱི་བྱེད་ལས་སྣ་ཚོགས་ཡོད་པ་ཞིག་ཡིན་འདུག
མཐོང་གསར་རྟགས་ཅན་གྱི་བརྟག་ཞིབ་ལས་གཞིའི་ཚོགས་གཙོ་ཚན་རིག་སྨྲ་བ་ཨ་ལཎ་སི་ཁྲར་ནཱི་(Alan Stern) ངོ་མཚར་བའི་ཉམས་དང་བཅས། “དེ་ནི་ངོ་མ་ཧ་ཅང་རྙོག་འཛིང་ཆེ། ཞིབ་འཇུག་གི་ལམ་ནས་སྐར་མ་དེའི་རང་བཞིན་དངོས་ཤེས་རྟོགས་བྱ་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཅན་གྱི་ལས་ཀ་ཞིག་རེད་”ཅེས་བརྗོད།
དེ་ཙམ་མ་ཟད་མཐོང་གསར་རྟགས་ཅན་གྱིས་གཤིན་རྒྱལ་གྱི་རྒྱུ་སྐར་ལྔ་ལ་བརྟག་ཞིབ་བྱས་པ་དང་། སྐར་མ་དེ་དག་གི་ས་གཤིས་ཀྱང་བསམ་ཡུལ་འདས་པ་ཞིག་ཡིན་ཞིང་། དེའི་ཁྲོད་ཀྱི་རྒྱུ་སྐར་ཆེ་ཤོས་ཁཱ་རོན་ (Charon) ཞེས་འབོད་པའི་ཆ་སྙོམས་ཀྱི་འཕྲེད་ཞེང་གི་རིང་ཚད་ལ་སྤྱི་ལེ་༡་༢༠༧ ཡོད་པ་དང་། ས་དབྱིབས་ཧ་ཅང་རྙོག་འཛིང་ཆེ་ཞིང་རི་རྒྱུད་དང་ས་མཐོ། དོང་ཁ་སོགས་ལས་གྲུབ་ཡོད་པ་རེད།
དྲུག སའི་གོ་ལའི་མཚེ་མའི་གོ་ལ་གསར་རྙེད་དང་ཕྱིའི་ཚེ་སྲོག་འཚོ་གནས་ཡོད་མེད་ལ་དོ་སྣང་།

ཟླ་༧ ཚེས་༢༣ ཉིན་ཨ་རིའི་གནམ་དཔྱད་ལས་ཁུངས་(NASA)ཀྱིས་ཁེབ་ལྭར་རྒྱང་ཤེལ་སྤྱོད་དེ་ད་ལྟའི་བར་སའི་གོ་ལ་དང་ཆེས་འདྲ་མཚུངས་ཀྱི་རྒྱུ་སྐར་ཁེབ་ལྭར་452b ཞེས་པ་ཞིག་རྙེད་ཡོད་ཅིང་། གནམ་དཔྱད་ལས་ཁུངས་ཀྱི་ཚན་རིག་པ་རྗོན་གྷི་རན་སི་ཧྥེལ་ཌི་(John Grunsfeld) ཡིས་ངོས་འཛིན་བྱས་པ་ལྟར་ན། ཁེན་ལྭར་452b ནི་སའི་གོ་ལ་དང་ཆེས་འདྲ་བའི་མཚེ་མའམ་“སའི་གོ་ལ་2.0”ཡིན་པ་རེད།
ཁེབ་ལྭར་452b ནི་སའི་གོ་ལ་དང་འོད་ལོ་༡༤༠༠ གྱིས་བསྐལ་བའི་གནས་བཅའ་རུང་བའི་ཁུལ་དུ་གནས་ཡོད་ཅིང་། སའི་གོ་ལ་ལས་བརྒྱ་ཆ་༦༠% གཡས་གཡོན་ཙམ་གྱིས་ཆེ་བ་དང་། དེའང་བྲག་རྡོའི་སྐར་མའི་གོ་ལ་ཞིག་ཡིན་འདུག་ལ། དེར་གསོན་ཉམས་དོད་པོའི་མེ་རིའི་འགུལ་སྐྱོད་དང་རྒྱ་མཚོ། ཉི་འོད། དེ་བཞིན་གནམ་གཤིས་ཧ་ཅང་མི་དྲོད་ལ་ཧ་ཅང་མི་གྲང་བ་དང་། གཤེར་གཟུགས་ཀྱི་ཆུ་ཡང་ཡོད། སྐར་མ་དེ་དང་བརྟན་སྐར་གྱི་རྒྱང་ཐག་དེ་སའི་གོ་ལ་དང་ཉི་མའི་བར་ཐག་དང་མཚུངས་ཤིང་། ལོ་གཅིག་ལ་ཉི་མ་༣༨༥ ཡོད་པ་རེད།
སའི་གོ་ལའི་ཕྱི་རོལ་གྱི་དཔལ་ཡོན་འཚོལ་ཞིབ་(SETI) ཀྱི་ཁེབ་ལྭར་ལས་གཞིའི་ཚན་རིག་པ་ཅེ་ཧྥི་ཁའོ་ལིན་ (Jeff Coughlin) གྱིས། འདི་ནི་“ང་ཚོ་ཁེར་རྐྱང་ངང་འཇིག་རྟེན་དུ་འཚོ་བཞིན་པ་རེད་དམ་”ཞེས་པའི་དྲི་བ་ཡི་གོམ་པ་དང་པོ་རེད་ཅེས་བརྗོད།
བདུན། ཚོད་ལྟ་ཁང་ནས་ཐེངས་དང་པོར་སྟོང་ཆ་གཞན་ཞིག་རྙེད།

ཟླ་༨ ཚེས་༢༠ ཉིན་སི་པཎ་གྱི་བྷར་སི་ལཱོ་ན་རང་སྐྱོང་སློབ་གྲྭ་ཆེན་མོའི་(Universitat Autònoma de Barcelona) ཚན་རིག་པས་ཐེངས་དང་པོར་ཚོད་ལྟ་ཁང་དུ་བརྒྱུད་ཁྲིད་ཁབ་ལེན་ར་བའི་འབུ་དོང་དུས་ཀྱི་སྦུག་ལམ་བཟོ་ཐུབ་པ་བྱུང་བ་མ་ཟད། རང་བྱུང་ཁམས་སུ་ཁབ་ལེན་ཁེར་སྣེ་ཁེར་རྐྱང་ཡོད་མི་སྲིད་པའི་ཕྱོགས་ལ་བརྟག་དཔྱད་བྱས་ཐུབ་པ་བྱུང་ཡོད།
དེར་བརྟེན། ཚན་རིག་པ་རྣམས་ཡ་མཚན་པའི་ངང་“ཁབ་ལེན་ར་བའི་ཁབ་སྣེ་བརྟག་ཞིབ་བྱ་ཐབས་མེད་པའི་ཐབས་ལམ་གནས་གཞན་ཞིག་ཏུ་བསྐྱལ་ཡོད་ཅིང་། མི་མངོན་པའི་སྐྱེལ་གཏོང་གི་བརྒྱུད་རིམ་དང་བརྒྱུད་ལམ་ནི་སྤྱི་སྲོལ་གྱི་ངོས་གསུམ་3-D སྟོང་ཆའི་བར་སྟོང་གཞན་ལས་བརྒལ་ཡོད་པ་རེད།
བརྒྱད། གློག་ཁབ་རླབས་ཤུགས་བརྒྱུད་དེ་མིའི་བསམ་བློ་མཐུད་སྦྱོར་བྱེད་པ།

ཝ་ཤིང་ཌོན་སློབ་གྲྭ་ཆེན་མོས་(University of Washington) ཟླ་༩ ཚེས་༢༣ ཉིན་གནས་ཚུལ་སྤེལ་བ་ལྟར་ན། སློབ་ཆེན་དེའི་ཚན་རིག་པས་དྲ་ལམ་སྤྱོད་དེ་སྤྱི་ལེ་༡་༥ ཡི་བར་ཐག་ནང་ཁུལ་དུ་མི་གཅིག་གི་བསམ་བློ་གློག་ཁབ་རླབས་ཤུགས་བརྒྱུད་དེ་མི་གཞན་ཞིག་ལ་སྤྲོད་ཐུབ་ཀྱི་ཡོད་ཅིང་། ཞིབ་འཇུག་དེ་ནི་༢༠༡༤ ལོའི་བསམ་བློའི་ཚོར་སྣང་བརྒྱུད་སྤྲོད་ཀྱི་ཞིབ་འཇུག་འཕྲོ་སྐྱོང་བ་ཞིག་ཡིན་པ་དང་། ཞིབ་འཇུག་མི་སྣའི་རེ་བར་ཞིབ་འཇུག་དེས་ལྐུགས་པས་མི་གཞན་ལ་འབྲེལ་འདྲིས་བྱེད་པར་ཕན་ཐོགས་པའི་ཐབས་ལམ་གསར་པ་ཞིག་ཡིན་པ་རེད།

འདི་ནི་ཚན་རིག་པའི་ཁྲོད་ཐེངས་དང་པོར་ཚོད་ལྟ་བརྒྱུད་དེ་མི་དང་མིའི་བར་གྱི་བསམ་བློ་སྦྲེལ་མཐུད་བྱ་ཐུབ་པའི་བདེན་དཔང་བྱས་པ་ཞིག་ཡིན་པ་མ་ཟད། བསམ་བློའི་ཚོར་སྣང་བརྒྱུད་སྤྲོད་ཚོད་ལྟ་དངོས་སུ་ཐུབ་པ་ལས་ཀྱང་། མིའི་རིག་པ་དང་བསམ་བློ་ནི་དངོས་པོ་(རྫས་རྒྱུ) ཞིག་ཡིན་པར་གསལ་སྟོན་བྱས་ཡོད་པ་རེད་ལ། མིའི་བསམ་བློ་དེ་གློག་ཁབ་རླབས་ཤུགས་ཀྱི་ངོ་བོར་བསྒྱུར་ཏེ་བརྒྱུད་གཏོང་དང་ཚུར་ལེན་བྱ་ཆོག་གི་ཡོད། ཚོད་ལྟའི་མཐའ་སྡོམ་འདིས་ལྷ་མེད་སྨྲ་བའི་རིང་ལུགས་ལ་རང་བཞིན་གྱིས་རིགས་པའི་གནོད་པ་ཐེབས་ཡོད། ལྷ་མེད་སྨྲ་བས་བསམ་བློ་དང་དྲན་ཤེས་རང་ཆས་སུ་མངའ་བ་ཁས་མི་ལེན་ཞིང་བསམ་བློ་ནི་མངོན་སུམ་མིན་པའི་ཤེས་པ་ཡིན་པར་འདོད།
དགུ། སྐར་མ་མིག་དམར་སྟེང་ཚེ་སྲོག་འཚོ་ཐུབ་པའི་གཞི་རྩའི་འབྱུང་ཁམས་ཡོད་པ།

ཟླ་༩ ཚེས་༢༨ ཉིན་ཨ་རིའི་ནམ་དཔྱད་ལས་ཁུངས་(NASA) ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། སྐར་མ་མིག་དམར་ནི་སྔོན་ཆད་ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་རྩ་འཇག་མ་ཙམ་ཡང་མེད་པའི་ས་རྒོད་ཅིག་མ་ཡིན་པར། གོ་ལ་དམར་པོ་དེའི་སྟེང་དུས་བཞི་དང་འགྲོགས་ཏེ་འགྱུར་བ་ཐེབས་པའི་བ་ཚྭའི་ཆུ་ཡོད་པ་གསར་དུ་རྙེད་སོན་བྱུང་ཡོད་པར་བརྟེན། གཟའ་མིག་དམར་སྟེང་ཚེ་སྲོག་འཚོ་གནས་ཐུབ་པའི་གཞི་རྩའི་འབྱུང་ཁམས་ཏེ་གཤེར་ཆུ་ཡོད་པ་རེད།
ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་ན། གཟའ་སྐར་མིག་དམར་གྱི་ལྷོའི་གོ་ལ་ཕྱེད་ཀའི་ཆ་ཤས་ཀྱི་ས་གཤིས་ནི་ནམ་ཟླ་རང་བཞིན་གྱི་སྒལ་གཞུང་གསེག་མ་(recurring slope lineae) སྟེ་ནམ་ཟླ་རང་བཞིན་གྱིས་འགྱུར་བ་ཐེབས་པའི་བ་ཚྭའི་ཆུ་ལས་གྲུབ་པའི་ས་གཤིས་ཀྱི་རྣམ་པ་ཡིན་ཞིང་། དགའ་འོས་པའི་རྙེད་སོན་དེས་ཁྱེར་ཡོང་བའི་ལྐོག་འགྱུར་གྱི་དྲི་བ་གསར་པ་ཞིག་ནི་“བ་ཚྭའི་ཆུ་ཡི་འབྱུང་ཁུངས”་གྱུར་ཡོད། གང་ལྟར་ཡང་ཚན་རིག་པས་ནུས་ཤུགས་གཅིག་ཏུ་སྒྲིལ་ཏེ་གཟའ་དམག་མིག་སྟེང་ཚེ་སྲོག་འཚོལ་ཞིབ་བྱེད་བཞིན་པ་རེད།
སའི་གོ་ལའི་ཕྱི་རོལ་གྱི་དཔལ་ཡོན་འཚོལ་ཞིབ་ཚོགས་པའི་(SETI) གནམ་དཔྱད་རིག་པ་རྒན་པ་ཞཱོ་སི་ཊ་ཁི་(Seth Shostak) ཡིས་བརྗོད་དོན། “གསར་རྙེད་དེར་དོན་སྙིང་ཆེན་པོ་ལྡན། གལ་ཏེ་སྐར་མ་མིག་དམར་སྟེང་ནས་སྲོག་ཆགས་ཕྲ་མོ་ཙམ་རྙེད་པ་ཡིན་ནའང་། དེས་འབྱུང་འགྱུར་འགྲོ་བ་མིའི་རིགས་ཀྱིས་ཚེ་སྲོག་ལ་འཛིན་པའི་ལྟ་ཚུལ་གྱི་ཁ་ཕྱོགས་བསྒྱུར་ཏེ། འཇིག་རྟེན་གྱི་ཕྱོགས་གང་སར་ཚེ་སྲོག་ཡོད་པར་སྨྲ་བའི་“ཡ་མཚན་གྱི་ཚོད་དཔག”་དེ་“ཧ་ཅང་གནས་ལུགས་ལྡན་པའི་བཤད་སྟངས་”ཤིག་ཏུ་འགྱུར་རྒྱུ་རེད།”
བཅུ། ཁྲག་ཐིགས་གཅིག་ལས་སྐྲན་ནད་དཔྱད་ཐབས།

ཟླ་༡༡ ཚེས་༡༡ ཉིན་སི་ཝེ་ཌན་གྱི་ཡུ་མའེ་སློབ་གྲྭ་ཆེན་མོའི་(Umea University) གནས་ཚུལ་སྤེལ་དོན། ཞིབ་འཇུག་པས་ཟུངས་ཁྲག་ནང་གི་ཁྲག་མིག་(Platelet) ལ་བརྟག་དཔྱད་བྱས་པ་བརྒྱུད་ཁྲག་ཐིགས་པ་གཅིག་ལ་འབྲས་སྐྲན་གྱི་ནད་ངོ་བརྟག་སྐབས། ནད་རིགས་དང་ནད་བབ། འབྲས་སྐྲན་ལེགས་འདེམས་སོགས་འཁྲུལ་མེད་ངང་ངོས་འཛིན་ཐུབ་པའི་བརྒྱ་ཆའི་ཚད་༩༦% ལ་སླེབས་ཡོད། ཡིན་ནའང་འབྲས་སྐྲན་གྱི་ཁྱད་པར་དབྱེ་འབྱེད་ཀྱི་ནད་བརྟག་ངོས་ཟིན་བརྒྱ་ཆ་༧༡% ཙམ་ཡིན་པས། ནད་པར་དངོས་སུ་བརྟག་དཔྱད་བྱེད་པའི་ཕན་ནུས་ལྡན་པའི་ཚད་ལ་སླེབས་མེད་པ་རེད།
ནེ་རྡིར་ལཎ་ཌི་ཡི་ཨམ་སི་ཌར་ཌེམ་རང་དབང་སློབ་གྲྭ་ཆེན་མོའི་(Vrije Universiteit Amsterdam) སྨན་བཅོས་ལྟེ་གནས་ཀྱི་ཆེད་མཁས་པ་ཝུ་ཌིན་གྷར་(Thomas Wurdinger) གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། འབྲས་སྐྲན་ནད་པའི་གཟུགས་པོའི་ནང་གི་ཁྲག་མིག་ལ་RNA ཕྱོགས་ཀྱི་འགྱུར་བ་ཐེབས་པའི་རྒྱུ་མཚན་གྱིས། སྐྲན་དང་འབྲེལ་བ་ཡོད་པའི་དམིགས་བསལ་གྱི་སྐྲི་དཀར་སྐྱེ་བཞིན་ཡོད། དེར་བརྟེན་དེའི་སྐོར་གྱི་འགྱུར་ལྡོག་ལ་བརྟག་དཔྱད་བྱས་ཏེ་ནད་ངོ་བརྟག་ཐུབ། ཡིན་ནའང་བརྟག་ཐབས་གསར་པ་དེའི་རིགས་ལ་ད་དུང་དངོས་སུ་བཀོལ་སྤྱོད་རང་བཞིན་གྱི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཚང་མེད་པས། འབྱུང་འགྱུར་ལོ་༥ དང་༡༠ ཡི་ནང་ཚུད་དུ་ད་གཟོད་ནད་པར་ལག་ལེན་བྱ་ཆོག་གི་ཡོད་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།