རེབ་གོང་དུ་དམ་དྲག་དང་དགེ་རྒན་ཕྱིར་ཕུད།
རྒྱ་ནག་གཞུང་གིས་བོད་ཨ་མདོ་རེབ་གོང་ས་ཁུལ་གྱི་སློབ་གྲྭ་ཁག་ཅིག་གི་སློབ་སྤྱི་ལས་གནས་ཕྱིར་ཕུད་བཏང་དང། ས་གནས་ཀྱི་དོགས་ཡོད་མི་སྣ་བཀག་ཉར་འདྲི་རྩད་བྱ་འཆར་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༣ པའི་ནང་མདོ་སྨད་རེབ་གོང་དུ་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེག་གི་ངོ་རྒོལ་བྱུང་བ་མ་ཟད། སྐབས་དེར་སློབ་གྲྭ་ཁག་ཅིག་གི་སློབ་མ་ཚོས་ངོ་རྒོལ་བྱས་པར་བརྟེན། ཐུན་རིན་རྫོང་དབྱི་ཧྤུ་སློབ་འབྲིང་གི་སློབ་སྤྱི་རྡོ་རྗེ་རྒྱལ་དང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་སྦྱི། རོང་བོ་ལྷ་སྡེ་ནས་ཡིན་པའི་ཐུན་རིན་རྫོང་བཅའ་སྡོད་སློབ་ཆུང་གི་སློབ་སྤྱི་པདྨ་ཚེ་བརྟན། བཀའ་རྩེབ་གདོང་གི་ཡིན་པའི་ཐུན་རིན་རྫོང་སློབ་གསོ་ལས་ཁང་གི་འགོ་ཁྲིད་ལྷ་འབུམ་མཁར་བཅས་ལས་གནས་ནས་ཕྱིར་ཕུད་བཏང་བ་དང་། མི་འགྱངས་བར་རྩེ་ཁོག་རྫོང་གི་བོད་རིགས་སློབ་སྦྱི་ཁག་ཅིག་ཀྱང་གནས་དབྱུང་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག
གཞན། རྒྱ་ནག་གཞུང་གིས་ཉེ་ཆར་རེབ་གོང་ས་ཁུལ་དུ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་དང་བསོད་ནམས་དར་རྒྱས་ལགས་རྣམ་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་གྱི་བོད་མི་ཁག་ཅིག་ལ་ཉེན་རྟོག་པས་འདྲི་རྩད་བྱས་འདུག །