རང་ལུས་མེ་རུ་སྤར་བར་གདུང་སེམས་མཉམ་བསྐྱེད།

2012-6-21 1belkobཟླ་འདིའི་ཚེས་༢༡ ཉིན་ང་ཚོས་རྒྱལ་གཅེས་པ་དག་གིས་སྐུ་ལུས་མེ་རུ་སྤར་ནས་བོད་རང་དབང་འཐབ་རྩོད་བྱེད་པར་གདུང་སེམས་མཉམ་བསྐྱེད་བྱེད་སྐབས། བསྔོ་སྨོན་གསོག་སྒྲུབ་བྱེད་རྒྱུ་གལ་ཆེན་པོ་རེད་དེ། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཞལ་ཆེམས་ལག་ལེན་བྱེད་རྒྱུ་དེ་རེད་ཅེས་ཚེ་རིང་ལྷ་སྐྱབས་ཀྱིས་བརྗོད་སོང་།

2012-6-21 1belkob

ཟླ་འདིའི་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཕྱེད་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་བཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༢༠ ཉིན་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་བསྟན་འཛིན་མཁས་གྲུབ་དང་། ངག་དབང་ནོར་འཕེལ་གཉིས་ཀྱིས་བོད་བསྟན་སྲིད་རང་དབང་རང་བཙན་གྱི་ཆེད་དུ་རང་ལུས་མེར་བསྲེག་བཏང་བའི་ཛ་དྲག་གནས་ཚུལ་བྱུང་བར། གདུང་སེམས་མཉམ་བསྐྱེད་ཆེད་སྨོན་ལམ་མཚན་ཚོགས་ཤིག་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་ཡེ་ཤེས་དང་། མིག་མར་བསྟན་འཛིན་གྱིས་གཙོས་པའི་གཞིས་ཆགས་མི་མང་དང་། ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་འདུན་པ་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

ས་གནས་གཞོན་ནུའི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ཀྱིས་ཚོགས་འདུ་ངོ་སྤྲོད་བྱེད་སྐབས་“ང་ཚོས་རྒྱལ་གཅེས་པ་དག་གིས་སྐུ་ལུས་མེ་རུ་སྤར་ནས་བོད་རང་དབང་འཐབ་རྩོད་བྱེད་པར་གདུང་སེམས་མཉམ་བསྐྱེད་བྱེད་སྐབས། བསྔོ་སྨོན་གསོག་སྒྲུབ་བྱེད་རྒྱུ་གལ་ཆེན་པོ་རེད་དེ། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་ཞལ་ཆེམས་ལག་ལེན་བྱེད་རྒྱུ་དེ་རེད་”ཅེས་བསྟན་འཛིན་མཁས་གྲུབ་དང་། ངག་དབང་ནོར་འཕེལ་གཉིས་ཀྱིས་ཤུལ་དུ་བཞག་པའི་ཁ་ཆེམས་སྐོར་འགྲེལ་བཤད་བྱས་སོང་།

2012-6-21 2belkobལས་འགུལ་གོ་སྒྲིག་པས་བོད་ནང་ནས་བོད་རང་དབང་འཐབ་རྩོད་ཀྱི་ཆེད་དུ་རང་ལུས་མེར་བསྲེག་གཏོང་མཁན་དག་གི་གནས་ཚུལ་དང་། དེ་དག་གི་ནང་མི་བཅས་ཀྱི་དཀའ་སྡུག་གི་གནས་ཚུལ་དག་འགྲེལ་བཤད་བྱེད་སྐབས་མི་མང་ནང་སེམས་སྐྱོ་ནས་མིག་ཆུ་གཏོང་མཁན་དང་། ལག་གཉིས་ཐལ་མོ་སྦྱར་ནས་ཁོང་ཚོའི་བསམ་དོན་འགྲུབ་པའི་སྨོན་ལམ་རྒྱག་མཁན་དང་། རང་ལུས་མེ་རུ་སྤར་བའི་བློས་གཏོང་དང་སྙིང་སྟོབས་རྦད་དེ་ཧ་ལས་ནས་ཧད་དེ་ལུས་མཁན་ཡང་འདུག མང་ཆེ་བས་རྒྱ་ནག་གཞུང་ལ་ཞེ་འཁྲོ་བའི་དམོད་མོ་བྱེད་ཀྱི་འདུག མཐར་སེར་སྐྱ་མི་མང་ཚང་མས་བྱང་ཆུབ་སེམས་མཆོག་མ་གྱེར་བཞིན་རང་རང་གི་གནས་སུ་ལོག་ཡོད་པ་རེད།།

མེ་སོར་གསར་འགོད་པས།