བཀའ་དྲིན་ཆེ། ༧གོང་ས་མཆོག

༧གོང་ས་མཆོག བཀའ་དྲིན་ཆེ།།
ཕ་མཐའ་བྲལ་བའི་ཐུགས་ཀྱི་མཁའ་ལ་བྱམས་བརྩེ་ཟབ་མོའི་ཆུ་འཛིན་འཁྲིགས།།
རྩུབ་རེག་བྲལ་བའི་གསུང་གི་སྒོ་ནས་དྲང་བདེན་འབོད་ཚིག་རྟག་ཏུ་སྒྲོག །
འཇིག་པ་བྲལ་བའི་མཚན་དཔེ་སྐུ་ཡིས་ཡངས་པའི་ས་ན་ཞབས་རྗེས་བཀོད།།
མཐོ་སྒང་ཞིང་གི་མགོན་པོ་གང་ཉིད་འཛམ་གླིང་གསལ་བའི་ཉིན་བྱེད་ལགས།།



གངས་ཅན་མེས་པོའི་ཞབས་རྗེས་དཀར་པོ་དམའ་བོ་ས་ལ་ཐིམ་དུས་སུ།།
བུ་རམ་ཤིང་པའི་བསྟན་པའི་རྒྱལ་མཚན་དེང་རབས་ཤེས་བྱས་སྒྲིབ་དུས་སུ།།
སྤྲེའུ་སྲིན་བུ་ཚའི་ཕ་ཁྱིམ་དྲོད་མོ་དམར་པོ་ཁྲག་གིས་འགེང་དུས་སུ།།
ཁྱེད་ཉིད་གདོང་དམར་མགོན་དུ་ཕེབས་པར་བཀའ་དྲིན་ཆེ་འོ་༸གོང་ས་མཆོག །

མ་ཡུམ་གངས་རིའི་བདག་དབང་བརླགས་ཏེ་ཆ་མེད་གནས་ལ་འཁྱམ་དུས་སུ།།
འདྲ་མཉམ་མི་ཡི་སྐལ་པ་བོར་བས་སྐྱབས་བཅོལ་ལས་དབང་འགྲིམ་དུས་སུ།།
དྲང་བདེན་ཉི་མ་ནུབ་ལ་བཞུད་དེ་བོད་ཡུལ་མུན་གླིང་སྐྲུན་དུས་སུ།།
ཁྱེད་ཉིད་བྱམས་བརྩེའི་བླ་མར་བཞེངས་པ་བཀའ་དྲིན་ཆེ་འོ་༸གོང་ས་མཆོག།

གནའ་དེང་ཤེས་བྱའི་གདོང་ཐུག་ཁྲོད་ནས་ནང་བསྟན་གོ་ས་ཤོར་དུས་སུ།།
སྒྱུ་མའི་གླང་པོ་ཚན་རྩལ་རིག་པས་སྐྱེས་བུའི་སེམས་ཁམས་དཀྲུག་དུས་སུ།།
འཚེ་མེད་ཞི་བདེའི་ལོ་ཡག་སྙེ་མ་རུལ་སུངས་སེར་བས་འཇོམས་དུས་སུ།།
ཁྱེད་ཉིད་ཞི་བདེའི་ཉི་མར་བཞེངས་པ་བཀའ་དྲིན་ཆེ་འོ་༸གོང་ས་མཆོག །

ཤར་གྱི་ཟླ་ནག་མཁའ་ལ་འཕྱན་ཏེ་གངས་དཀར་བཞིན་རས་ནོགས་དུས་སུ།།
རྫོགས་ལྡན་ཁ་བའི་སུམ་རྩེན་གནས་སུ་ལྷ་མིན་དགྲ་བོས་སྡིག་དུས་སུ།།
རྩྭ་ཐང་འབྲོག་མོའི་རྫི་གླུ་སྙན་མོ་ངུ་ངག་ལས་ལ་འགྱུར་དུས་སུ།།
ཁྱེད་ཉིད་གངས་རིའི་བདག་པོར་བཞེངས་པ་བཀའ་དྲིན་ཆེ་འོ་༸གོང་ས་མཆོག།