ཁམས་སོག་རྫོང་གི་གྲྭ་པ་ཞིག་འཛིན་བཟུང་།

ཟླ་འདིའི་ཚེས་༩ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ཁམས་སོག་རྫོང་ཁྲི་རྡོ་ཤང་དུ་སྦྱར་ཡིག་བཀྲམ་པའི་དོགས་གཞིའི་འོག ཁྲི་རུ་དྲིལ་མདའ་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

དེ་ཡང་ཕྱི་ཟླ་༥ ཚེས་ཤར་ཙམ་ལ་སླར་ཡང་ཁམས་སོག་རྫོང་ཁྲི་རྡོ་ཤང་ཁོངས་དྲིལ་མདའ་དགོན་པའི་གྲྭ་པ་རང་ལོ་༢༡ སོན་པ་སྐལ་བཟང་ཚུལ་ཁྲིམས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ནག་ཆུ་ས་ཁུལ་དུ་ཁྲིད་རྗེས་ཟླ་ཤས་རིང་གང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོག་བྱུང་མི་འདུག ཁོང་གི་ཕའི་མིང་ལ་ལྷ་འདུས་ལབ་ཀྱི་ཡོད་འདུག

ཁོང་འཛིན་བཟུང་བྱེད་དོན་ནི། འདི་ལོའི་ཕྱི་ཟླ་༢ ཚེས་༢༨ ཉིན་དྲིལ་མདའ་དགོན་པའི་ནང་བོད་དོན་ཡིག་ཆ་སྦྱར་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་པར་ངོས་འཛིན་བྱེད་བཞིན་འདུག དེ་སྔོན་ན་གཞོན་བསྟན་དགའ་འཛིན་བཟུང་བྱས་རྗེས་ཀྱི་ཉིན་༢༠ ཙམ་གྱི་རྗེས་ནས། གྲྭ་སྐལ་བཟང་ཚུལ་ཁྲིམས་འཛིན་བཟུང་བྱས་པ་དང་། ད་ལྟ་ཁོང་གཉིས་ཀ་སྟོད་ལུང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ཀྱང་དུས་བཀག་ཁྲིམས་ཐག་ད་དུང་བཅད་མེད་སྐོར་འདུག

དེང་སྐབས་དྲིལ་མདའ་དགོན་པའི་ནང་རྟག་པར་རྒྱ་ནག་གཞུང་གིས་ཚོགས་འདུ་འཚོགས་ནས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོ་སྤེལ་གྱི་ཡོད་འདུག་ལ། དགོན་པའི་གྲྭ་པ་ཚོ་ཕྱི་ལ་འགྲོ་དགོས་བྱུང་ན་དགོངས་པ་ཞུ་དགོས་པ་མ་ཟད་ས་གནས་ཀྱི་མིས་འགན་ཁུར་དགོས་པ་སོགས་ཀྱི་དཀའ་ངལ་འདུག

དེ་བཞིན་དེ་སྔོན་ཁྲི་རུ་གྲོང་ཚོ་བཞི་པའི་ནང་གི་སློབ་གྲྭའི་དགེ་རྒན་གྱི་སྦག་སྦག་དང་སློབ་ཁང་བཅས་ཀྱི་སྒོ་ཐོག་ཏུ་བོད་རང་བཙན་གྱི་སྦྱར་ཡིག་ཐོན་པར་བརྟེན། ས་གནས་རྒྱ་གཞུང་གི་ལས་བྱེད་རྣམས་ཀྱིས་སྔར་དང་མི་འདྲ་བའི་དྲག་གནོན་བྱེད་བཞིན་འདུག་ལ། དགོན་པའི་དུས་མཆོད་འཚོགས་སྐབས་ལས་བྱེད་མི་སྣ་བདུན་ཙམ་ཡོང་གི་ཡོད་པ་དང་། རྒྱུན་དུ་རྒྱ་གཞུང་གི་ལས་བྱེད་གསུམ་ཙམ་གཏན་འཇགས་སྡོད་ཀྱི་འདུག ཅེས་ས་གནས་ནས་བོད་མི་ཞིག་འགྲེལ་བརྗོད་གནང་སོང་།།