ཟླ་འདིའི་ཚེས་ ༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༥།༥ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༡ ཙམ་ཡིན་པ་ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་འདུག་ཀྱང་། ཉེན་རྟོག་པས་མི་བསད་དེ་ཁྲིད་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཀིརྟི་དགོན་པའི་ཉེ་འདབས་ཀྱི་དཔའ་བོའི་སྲང་ལམ་ནས་བློ་བཟང་ཚུལ་ཁྲིམས་ཀྱིས་རང་ལུས་མེར་སྲེག་གིས་སྐད་འབོད་བྱེད་བཞིན། ཁྲོམ་གཞུང་དུ་བརྒྱུག་འདུག་ཀྱང་། དེར་ཡོད་པའི་ནགས་ལས་ཁང་གི་ར་སྐོར་ནང་ལ་རྒྱུན་དུ་ཡིབ་སྡོད་བྱས་ཡོད་པའི་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་མེ་གསོད་ཡོ་ཆས་བེད་སྤྱོད་ཀྱིས་མེ་བསད་ཅིང་། རླངས་འཁོར་ནང་གཡུག་ནས་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག
རྔ་པའི་སྨན་ཁང་དུ་དུས་ཚོད་ཕྱེད་ཙམ་རིང་བསྡད་རྗེས་ས་གནས་གཞན་ཞིག་ལ་ཁྱེར་འདུག་ནའང་ས་གནས་གང་ཡིན་ཤེས་རྟོགས་བྱུང་མེད་པ་རེད། དངོས་སུ་མཐོང་མཁན་གྱིས་བརྗོད་ན་སྐབས་དེར་ཁོང་གྲོངས་མེད་པ་དང་། མེ་ལྕེའི་དབུས་ནས་སྐད་འབོད་མང་པོ་བྱས་ཀྱང་ཚིག་འབྲུ་གསལ་པོ་གོ་མ་སོང་ཟེར། ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་རྗའ་དར་ཚང་གི་མ་སྒྲོན་དཀར་སྐྱིད་ཀྱི་བུ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་གཅར་རྡུང་མནར་གཅོད་དྲག་པོ་ཕོག་མྱོང་ཞིང་། ཐོས་བསམ་གླིང་གྲྭ་ཚང་གི་རྟགས་རིགས་འཛིན་གྲྭ་ཡིན་པ་རེད།
ལོ་སྔོན་མའི་ནང་རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་འཛིན་གྲྭ་གཅིག་པ་ཡིན་འདུག ཁོང་རྒྱུན་དུ་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། རྔ་པའི་ནང་གི་ལག་རྩེད་སྤོ་ལོའི་རུ་ཁག་ཅིག་གི་ཚོགས་མི་ཡང་ཡིན་འདུག འདི་ནི་བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་ཐེངས་ཞེ་ལྔ་པ་(བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རེའུ་མིག་ལ་གཞི་བཅོལ་བ་ཡིན།)དང་།
རྔ་པ་རང་སྐྱོང་ཁུལ་ཀྱི་ཁོངས་སུ་ཐེངས་ཉེར་དགུ་པ། རྔ་པ་རྫོང་གི་ཁོངས་སུ་ཐེངས་ཉེར་གཉིེས་པ་ཡིན་འདུག །