རང་སྲེག་ལས་འགུལ་ནི་རླབས་ཆེན་གྱི་བྱས་རྗེས་རེད།

གྲྭ་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའི་ལས་འགུལ་ནང་མཉམ་ཞུགས་བྱས་ན། རྩོད་པ་རྩོད་རྒྱུའི་མཚོན་པའི་ཆོས་ཕྱོགས་ཀྱི་བྱ་བ་མང་པོ་ཞིག་འཐུས་ཤོར་ལ་འགྲོ་གི་ཡོད་པ་རེད་ཅེས། འབྲས་བློ་གླིང་དགེ་སྐོས་དགེ་བཤེས་བློ་བཟང་ཐར་འདོད་ཀྱིས་བརྗོད་སོང་།

དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་དགོང་དྲོ་ཆུ་ཚོད་༦།༣༠ ཕྱེད་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་འབྲས་སྤུངས་བླ་སྤྱིའི་གོ་སྒྲིག་འོག བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་།  ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་།  དེ་བཞིན་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་བདག་སྲུང་བཅས་ཀྱི་ཆེད་རྒྱ་ནག་དམར་གཞུང་ལ། རང་ལུས་མེར་སྲེག་གིས་ངོ་རྒོལ་གནང་བཞིན་པར། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བསྔོ་སྨོན་མཆོད་འབུལ་དང་ཞབས་རིམ་གསོག་སྒྲུབ་གཞི་རྒྱ་ཆེ་བ་ཞིག་འབྲས་སྤུངས་བླ་སྤྱིའི་མདུན་ཐང་དུ་འཚོགས་སོང་།

མཆོད་འབུལ་སྨོན་ལམ་གྱི་འཚོག་མགོན་དུ་འབྲས་སྤུངས་ཁྲི་པ་བློ་བཟང་བསྟན་པ་གཙོས་འབྲས་སྤུངས་སྒོ་མང་དང་། བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་བཀའ་རམ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་། གྲྭ་མང་ཡོངས་བཅས་མཉམ་ཞུགས་གནང་ཡོད་པ་དང་།

དེ་ཡང་ཐོག་མར་འབྲས་སྤུངས་ཁྲི་པ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་ཀྱིས་མཆོད་འབུལ་སྨོན་ལམ་དབུ་འཛུགས་གནང་བ་དང་མཉམ་དུ། གྲྭ་མང་ཡོངས་ནས་བསྔོ་སྨོན་མཆོད་འབུལ་དང་ཞབས་རིམ་གསོག་སྒྲུབ་ཆུ་ཚོད་གཉིས་ཙམ་གྱི་རིང་གནང་སོང་། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་གསུང་དགོས་པའི་རྒྱུ་མཚན་སྐོར་ལ། འབྲས་སྤུངས་བློ་གསལ་གླིང་གི་དགེ་སྐོས་དགེ་བཤེས་བློ་བཟང་ཐར་འདོད་ལ་གསར་འགོད་པས་བཅར་འདྲི་ཞུས་པར།

ཁོང་གིས་“དེ་རིང་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་གྲྭ་མང་༣༠༠༠ ལྷག་ ཕེབས་ཡོད་པ་རེད། མ་གཞི་དུས་རྒྱུན་དུ་གྲྭ་ཚང་སོ་སོས་མཆོད་འབུལ་སྨོན་ལམ་དང་ཞབས་རིམ་གསོག་སྒྲུབ་གནང་དང་གནང་མུས་རེད་”ཅེས་དང་།   ཡང་ཁོང་ལ་བོད་བསྟན་སྲིད་ཆེད་རང་ལུས་ཞུགས་འབུལ་གནང་དང་གནང་བཞིན་པར་དགོངས་ཚུལ་གང་ཡོད་སྐོར་དྲིས་པར།    ཁོང་གིས་ད་ལྟའི་ཆར་བོད་ནང་དུ་རང་ལུས་ཞུགས་འབུལ་གནང་མཁན་༦༨ ཙམ་ཆགས་ཚར་འདུག གཞི་རྩའི་ཧ་ཅང་གི་རླབས་ཆེན་གྱི་བྱས་རྗེས་རེད་དྲན་གྱིན་འདུག  ཤུལ་ལུས་ནང་མི་ཚོ་ཡིན་ན་ཡང་རླབས་ཆེན་གྱི་མཛད་བཟང་ཡིན་པས་སེམས་གཏིང་གི་བློ་ཕམ་གྱི་ཡོད་པ་མ་རེད་དྲན་གྱིན་འདུག   གང་ཡིན་ཟེར་ན།  བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ནམ།  བོད་མི་ས་ཡ་དྲུག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པས། སྤོབས་པ་སྐྱེས་དགོས་པ་ཞིག་རེད་དྲན་གྱི་འདུག  ཡིན་ན་ཡང་གནས་ཚུལ་དེའི་སྐོར་ཤེས་རྟོགས་བྱུང་སྐབས་སེམས་གཏིང་ནས་མིག་ཆུ་ཤོར་དགོས་པ་ཞིག་རེད་”ཅེས་གསུངས་སོང་།

ཡང་ཁོང་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའི་ལས་འགུལ་སྤེལ་སྐབས་གདན་ས་གྲྭ་ཚང་མཉམ་ཞུགས་བྱེད་མི་ཆོག་པའི་རྒྱུ་མཚན་གང་ཡིན་དྲིས་པར།  “སྤྱིར་བཏང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའི་ལས་འགུལ་ནང་མཉམ་ཞུགས་མི་ཆོག་པའི་རྒྱུ་མཚན།  རྩོད་པ་རྩོད་རྒྱུའི་མཚོན་པའི་ཆོས་ཕྱོགས་ཀྱི་བྱ་བ་མང་པོ་ཞིག་འཐུས་ཤོར་ལ་འགྲོ་གི་ཡོད་པ་རེད། དེར་བརྟེན་ཆོས་ཕྱོགས་ཀྱི་བྱ་བ་མང་པོ་ཞིག་གཡུག་ནས་སོང་བ་ལས།  ཆོས་ཕྱོགས་ཀྱི་བྱ་བ་དེ་ཚོ་འཐུས་ཤོར་མ་སོང་བ་བྱས་པ་ཡིན་ན།  མ་འོངས་པར་བོད་ལ་ལོགས་པ་ཡིན་ན། གང་དུ་ཡིན་ཡང་སྟོན་ཆོག་ཆོག་ཅིག་དང་།    མ་འོངས་བོད་ཀྱི་སོན་རྩ་ཟེར་བ་དེ་ཡང་དེ་འདྲ་བཟོ་དགོས་པ་རེད་མ་གཏོགས།  ལས་འགུལ་སོགས་གང་དུ་ཡིན་ན་བརྒྱུག་བསྡད་ན།  འཐུས་ཤོར་ཞེ་དྲག་འགྲོ་ཡི་ཡོད་པ་རེད། དེ་འདྲ་ཡིན་པས།  གལ་ཆེ་ས་དང་ཆུང་སའི་ཁྱད་པར་མིན་འགྲོ   ང་རང་གི་བསམ་ཚུལ་དེ་འདྲ་ཞིག་ཡིན་”ཞེས་གསུངས་སོང་།

མོན་གྷོ་གསར་འགོད་པས།