རྒོལ་མདའ་ཐོན་ཡོད།
བདག་ལ་བློ་དཀར་ཞིང་སྙིང་ཉེ་བའི་དྲྭ་གྲོགས་རྣམ་པ་སྐུ་ཁམས་བདེ་འམ། ཁྱེད་ཚོས་ང་ལ་ཚུགས་ཀ་མི་འདུག་མ་ཟེར། ངས་འདུ་ཤེས་ཀྱི་གསེང་ཤིག་ནས་རེ་སྨོན་ཁྲི་ཕྲག་གི་སྨོན་ཚིག་དབྱངས་སུ་གྱེར་བཞིན། རྩ་ལམ་གྱི་དཀྱིལ་སྙིང་ནས། བསམ་གཞིག་གིས་སྐད་ཆ་གསོན་པོ་འགའ་མིག་སྔར་སྤུང་སྟེ་ཁྱེད་ཚོའི་སྒོ་ཁར་ཡོང་འདོད་པས། ང་ལ་མིག་ལོག་མ་ལྟ་རོགས།
བདག་ལ་དྲན་འཛིན་གྱི་ཡོལ་བའི་འོག་ཏུ་སུས་ཀྱང་ཚོར་མི་འདོད་པའི་ལྐོག་བཤད་ཅིག་བརྒྱབ་རྒྱུ་མེད་མོད། མནོ་བསམ་འཁོར་ཕྱོགས་ཀྱིས་འདི་ལྟར་སྨྱུག་མིང་ཞིག་འཁྱེར་ཏེ་བསླེབས་ཡོད་པ་ནི། དྲང་བདེན་ལ་རྒྱབ་གཏོད་དེ། གནས་ལུགས་ལ་ངོ་ལོག་པའི་དྲྭ་འབུ་འགས་བྱེད་སྟངས་དང་དུ་ལེན་འདོད་པ་མིན་ལ། སྙིང་ཆུང་དང་བསྡར་གཤིས་ཀྱི་ངང་ཚུལ་བཟུང་སྟེ་ངོ་སྟོན་མི་ནུས་པའི་དབྱེན་དཀྲུག་མཁན་གྱི་ལྐོག་བཤད་དང་སྨྱོ་ལབ་ལྟ་བུ་ཞིག་བརྒྱབ་འདོད་པས་མིན།
འོན་ཀྱང་ལབ་རྡོལ་དང་འུར་བཤད་ལ་དགའ་བའི་སྤྱི་ཚོགས་ཤིག་ནས། ངས་བདེན་པ་བཤད་དེ་ཆས་འདོད་ཡོད་ཟེར་ན་ཡིད་མི་ཆེས་ནའང་། ཁྱེད་ཚོས་མིག་ཟུང་ཧྲིག་ཧྲིག་ངང་ལྟོས་དང་། རང་ཉིད་ཀྱི་བཤད་པའི་སྐད་ཆ་དང་། སེམས་བྱུང་གི་ཚོར་སྣང་རབ་རིབ་གང་ཡིན་རུང་། འགན་ཁུར་དང་ཕན་གནོད་ཡོད་ཚད་རང་ཉིད་ཀྱི་རྡོག་ཁྲེས་ལས། དུས་ནམ་ཡང་ངན་གཡོ་དང་ཁག་དཀྲི་བྱ་མི་སྲིད་པ་ནི་རང་ཉིད་མི་ཞིག་ཡིན་པའི་འོས་འགན་འཁྱེར་འདོད་པས་ཡིན།
དེར་བརྟེན་ནར་སོན་གྱི་ལོ་ཟླ་གང་མང་བརྒྱུད་འདོད་པའི་མི་རྐྱང་རང་ཉིད་ལ་མཚོན་ན་ཁེར་ཚུགས་དང་འཚོལ་དཔྱོད་ཀྱི་བློ་མིག་ཟབ་མོ་ཞིག་མེད་ཀྱང་། དྲང་བདེན་ལ་ངོ་ལོག་དང་། གནས་ལུགས་ལ་ལོག་འགྲེལ་མི་བྱེད་པར། ནམ་ཡང་ངས་འདུ་ཤེས་ཀྱི་རྩ་དོན་དུ་བཟུང་ཡོད་པས་ཁྱེད་ཚོའི་མིག་སྔར་དུ་ངོ་ལྐོག་མི་ཐུབ་པའི་འཁྲབ་སྟོན་བྱ་བརྩིས་མེད་པའི་སྐད་ཆའི་སྔོན་བརྡ་འདི་སེམས་བསམ་པའི་གཏིང་ནས་ཐོན་ཁུལ་ཡིན།
རྗེས་ཕྱོགས་ངས་བཤད་དགོས་པའི་སྐད་ཆ་ཞིག་འཁྱོངས་མིན་གང་ལྟར་ཡང་། སྐས་རིམ་མང་བའི་མདུན་ཕྱོགས་ཀྱི་ལམ་རིང་དུ་ནམ་ཡང་བགྲོད་རྩིས་ཀྱིས་གྲབས་གཤོམ་བྱ་མྱོང་ཡོད་ན། འུར་སྒྲོགས་ལ་དགའ་བའི་གཡམ་རྒྱུགས་པ་ཚོའི་བློར་མ་འཐད་ནའང་ཆོག དྲང་ཐད་དུ་མི་གནས་པའི་གཡོན་ཐལ་ཅན་ཚོའི་རྣ་ནང་དུ་མ་སོང་ནའང་འགྲིག གང་ལྟར་སང་ཉིན་གྱི་ཆེད་དུ་སྐད་ཆ་འགའ་༼རྒོལ་མདའ་༽ ཞེས་པའི་སྨྱུག་མིང་གི་འོག་ནས་ཁྱེད་ཚོའི་མིག་སྔར་བསྟར་རྒྱུ་ཡིན་པས་བསམ་ཚུལ་ལྷུག་བརྗོད་ཡོང་བའི་རེ་བ་ཆེ།
སྨྱུག་མིང་རྒོལ་མདའ་དང་འབྲེལ་བའི་གསལ་བཤད་ཐུང་ངུ་འདི་གྲོགས་འགའ་ཞིག་གིས་དོགས་སེལ་གྱི་ཆེད་དུ་བྲིས། རྗེས་ཕྱོགས་མིང་འདི་ཚངས་གསར་འཕྲིན་ལས་ཀྱི་མིང་ཡིན་པ་ཤེས་པར་བྱོས།
༢༠༡༣ ཟླ་ ༠༡ པོའི་ཚེས་ ༢༧ ཉིན།