བོད་མི་༤ བཙན་ཁྲིད་བྱས་འདུག

རྒྱ་གཞུང་གིས་ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་བོད་མི་༤ བཙན་ཁྲིད་བྱས་རྗེས་ཁོང་རྣམས་ཀྱི་གནས་སྟངས་དང་། དེ་བཞིན་ད་ལྟ་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱ་གཞུང་གིས་རྒྱུ་མཚན་གསལ་བཤད་མེད་པར་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་གྲྭ་དགེ་ལེགས་ཆོས་འཕེལ་དང་། གྲྭ་བློ་བཟང་ཆོས་འབྱོར། ཐང་སྐོར་རུ་ཁག་གཉིས་པའི་མི་སྐྱ་སྐལ་བཟང་དབྱིག་གཉེན་བཅས་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་རྗེས་ཁོང་རྣམས་ཀྱི་གནས་སྟངས་དང་། དེ་བཞིན་ས་གནས་གང་ཞིག་ཏུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་དང་།

རྒྱུ་མཚན་དེ་ལ་བརྟེན་ནས་ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཐང་སྐོར་སོག་ཚང་དགོན་པའི་རང་ལོ་༡༨ ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་མ་ཟད། ཁོང་གིས་རང་ལུས་མེར་སྲེག་བཏང་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་མང་པོ་ཐང་སྐོར་སོག་ཚང་དགོན་པར་ཡོང་སྟེ། དགོན་པ་དེའིོ་གྲྭ་ཏིང་འཛིན་ཟེར་བ་དེ་ཡང་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྐོར། སུད་སིར་གནས་སྡོད་ལྷ་སྲས་བསོད་ནམས་ཀྱིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་གནང་འདུག

གོང་གི་ཐང་སྐོར་སོག་ཚང་དགོན་ཟེར་བའི་མིང་ཆ་ཚང་ལ། བཀྲ་ཤིས་ཐེག་མཆོག་གླིང་ཟེར་ཞིང་། ཕྱི་ལོ་༡༦༥༨ ལོར་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞུ་བས་ཕྱག་བཏབས་ཡོད་འདུག་པ་དང་། ཆོས་བརྒྱུད་དགེ་ལུགས་ཡིན་ཞིང་ད་ལྟ་གྲྭ་བ་༣༠༠ ཡས་མས་ཤིག་ཡོད་འདུག