ཀོང་རི་སིར་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

    དེ་ཡང་གྲོས་ཚོགས་ལམ་ལུགས་འོག་ནས་འོས་བསྡུ་བྱེད་སྐབས། མངའ་སྡེ་དང་ས་ཁུལ་མཉམ་འབྲེལ་གཉིས་ཀྱི་མི་འབོར་ལ་གཞིགས་ཏེ་གྲོས་ཚོགས་འོག་མའི་རྐུབ་སྟེགས་བགོ་འགྲེམས་བྱས་ཡོད་ཅིང༌། གྲོས་ཚོགས་འོག་མའི་རྐུབ་སྟེགས་༥༤༥ ནས་༢ སྲིད་འཛིན་གྱིས་ཐད་བསྐོས་བྱེད་ཆོག་པ་ལས། རྐུབ་སྟེགས་༥༤༣ མི་མང་གིས་རང་དབང་ཐོག་ནས་འོས་འཕེན་བྱེད་དགོས་པ་རེད། དབུས་གཞུང་འཛིན་སྐྱོང་གི་དབང་ཆ་ཐོབ་པ་ལ་ཉུང་མཐར་ཡང་མི་མང་གིས་འོས་འཕེན་བྱས་ཏེ་གྲོས་ཚོགས་ཀྱི་རྐུབ་སྟེགས་༢༧༢ ཐོབ་དགོས་ཀྱི་ཡོད་པ་རེད།
 མངའ་སྡེ་གཅིག་གི་ནང་ཆབ་སྲིད་ཚོགས་པ་གཉིས་གསུམ་ཡོད་མཁན་ལ། མངའ་སྡེ་རང་ཉིད་ཀྱི་རྐུབ་སྟེགས་བགོ་འགྲེམས་བྱེད་ཀྱི་ཡོད་པས། མཚམས་རེར་ཆབ་སྲིད་ཚོགས་པ་ཆུང་ཁག་གིས་རང་ལ་ཐོབ་པའི་གྲོས་ཚོགས་ཀྱི་རྐུབ་སྟེགས་ཁྱེར་ནས། ཆབ་སྲིད་ཚོགས་པ་ཆེན་པོ་དང་ཟླ་སྒྲིལ་བྱས་ཏེ་གཞུང་གི་འཛིན་སྐྱོང་གི་དབང་ཆ་ཐོབ་ཐབས་བྱེད་ཀྱི་ཡོད་པ་རེད།
དཔེར་ན། ནུབ་བྷང་གྷལ་མངའ་སྡེར་གྲོས་ཚོགས་ཀྱི་རྐུབ་སྟེགས་༤༢ ཡོད་ཅིང༌། སྔོན་མ་མངའ་སྡེ་དེའི་གྲོས་ཚོགས་ཀྱི་རྐུབ་སྟེགས་མང་ཆེ་བ་དམར་ཕྱོགས་ཚོགས་པར་ཐོབ་ཀྱི་ཡོད་པ་དང༌། ཉེ་དུས་དམར་ཕྱོགས་ཚོགས་པ་དང་ཀོང་རི་སི་ཆབ་སྲིད་ཚོགས་པ་གཉིས་དབར་འགལ་ཟླ་བྱུང་ནས། དམར་ཕྱོགས་ཚོགས་པས་གྲོས་ཚོགས་ཀྱི་རྐུབ་སྟེགས་ཕྱིར་འཐེན་རྒྱག་སྐབས། ཀོང་རི་སི་ལ་གཞུང་འཛིན་སྐྱོང་གི་རྐུབ་སྟེགས་མི་རག་པའི་དཀའ་ངལ་བྱུང་སྟེ། དམར་ཕྱོགས་ཚོགས་པའི་ཁ་གཏད་ཚོགས་པ་དང་ཀོང་རི་སིའི་ཆབ་སྲིད་ཚོགས་པ་གཉིས་མཐུན་སྒྲིལ་བྱས་ཏེ་ནུབ་བྷང་གྷལ་གྱི་གྲོས་ཚོགས་རྐུབ་སྟེགས་གྲངས་༤༢ ནས་༢༥ ཐོབ་ཡོད་པ་རེད།
    སྤྱིར་གཞུང་གི་འཛིན་སྐྱོང་གི་དབང་ཆ་ཐོབ་པ་ལ་གྲོས་ཚོགས་ཀྱི་རྐུབ་སྟེགས་ལ་གྲངས་ཚད་ཡོད་པས། ཆབ་སྲིད་ཚོགས་པ་ཁག་ཟླ་སྒྲིལ་མ་བཏང་ན་ཚོགས་པ་རང་རྐྱ་བ་ཞིག་གིས་འཛིན་སྐྱོང་གི་དབང་ཆ་ཐོབ་པར་རྐུབ་སྟེགས་ཀྱི་གྲངས་ཚད་སྐོང་ཐུབ་ཀྱི་མེད་པ་རེད། དཔེར་ན། འདི་ལོའི་འོས་བསྡུའི་ནང་ཀོང་རི་སི་ཆབ་སྲིད་ཚོགས་པ་རང་རྐྱ་བར་གྲོས་ཚོགས་ཀྱི་རྐུབ་སྟེགས་༢༠༦ ཙམ་མ་གཏོགས་ཐོབ་མེད་ཅིང༌། དེ་བཞིན་བྷི་ཇཱི་བྷི་ལ་༡༡༦ མ་གཏོགས་ཐོབ་མེད་པ་རེད། དབུས་གཞུང་གི་འཛིན་སྐྱོང་གི་དབང་ཆ་ཐོབ་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་ཉུང་མཐར་ཡང་༢༧༢ ཟིན་དགོས་ཀྱི་ཡོད་པ་རེད།
    རྒྱུ་མཚན་དེས་ན་ཀོང་རི་སི་ཆབ་སྲིད་ཚོགས་པས་ནུབ་བྷང་གྷན་དང་ལྷོ་ཕྱོགས་ཏཱ་མིལ་མངའ་སྡེ། མ་ཧཱ་ར་ཤི་ཊ་མངའ་སྡེ། རྗ་མུ་དང། ཀ་ཤི་སྨིར་མངའ་སྡེ་སོགས་ཀྱི་ཆབ་སྲིད་ཚོགས་པ་ཆུང་ཁག་དང་ཟླ་བསྒྲིལ་ནས། མཐར་ཀོང་རི་སི་ཆབ་སྲིད་ཚོགས་པར་གཞུང་འཛིན་སྐྱོང་གི་གྲོས་ཚོགས་ཀྱི་རྐུབ་སྟེགས་གྲངས་ཚད་ལོངས་ནས་རྒྱལ་ཁ་ཐོབ་ཡོད་པ་རེད། འདི་ལོ་འོས་བསྡུའི་སྐབས་བསམ་ཡུལ་འདས་པ་ཞིག་ལ་རཱ་ཇི་སི་ཐན་སོགས་མངའ་སྡེ་མང་པོ་ཞིག་གིས། རྒྱུན་ལྡན་ལྟར་མིན་པར་ཀོང་རི་སིར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པས། ཁ་གཏད་ཚོགས་པ་ཚོས་ཚོད་དཔག་བྱེད་མི་ཐུབ་པ་ལྟ་བུ་བྱུང་ཡོད་པ་རེད།
    ཟླ་བ་རྗེས་མའི་ཚེས་༢ ཉིན་གཞུང་གསར་པའི་འཛིན་སྐྱོང་གི་ལས་འཆར་ཁྱབ་བསྒྲགས་དང་བློན་ཆེན་འཕོ་འགྱུར་གཏོང་ཕྱོགས་ཀྱི་བཀའ་རྒྱ་བསྩལ་རྒྱུ་ཡིན་པ་དང༌། སྔོན་དུས་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འགོ་འཛུགས་མ་བྱས་པའི་སྔོན་ནས། གལ་སྲིད་ཀོང་རི་སིར་རྒྱལ་ཁ་ཐོབ་ན་སྲིད་བློན་མན་མའོ་ཧན་སིང་མཆོག་རང་འཇགས་ཡིན་པའི་གསལ་བསྒྲགས་བྱས་ཟིན་པས། སྲིད་བློན་གྱི་དབང་ཆ་འཕོ་འགྱུར་འགྲོ་མི་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
    འདས་ཟིན་པའི་ལོ་གྲངས་༥ ཡི་གྲུབ་འབྲས་ལ་ཕྱི་མིག་བལྟ་སྐབས་རྒྱ་གར་རྒྱལ་ཡོངས་ནས་ཡར་རྒྱས་མངོན་གསལ་ཅན་མང་པོ་མཐོང་རྒྱུ་ཡོད་པ་དང༌། ལྷག་དོན་ལོ་སྔོན་མ་ནས་འགོ་བཙུགས་ཏེ་འཛམ་གླིང་ཁྲོམ་རའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་འདིར། རྒྱ་གར་གྱི་ཁྲོམ་རར་དེ་ཙམ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་མེད་པས་རྒྱལ་ཁབ་མང་པོས་བཟང་ཕྱོགས་སུ་འགྲེལ་བརྗོད་བྱས་ཡོད་པ་དང༌། དེ་བཞིན་ཨ་རི་དང་མཉམ་དུ་རྡུལ་འཕྲིན་ཉོ་ཚོང་དང་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུ། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་བྱེད་ཕྱོགས་སོགས་འཛིན་སྐྱོང་གི་ལས་དོན་འཐུས་ཚང་བསྒྲུབས་ཡོད་པའི་གནས་ཚུལ་འོག་ནས། འདི་ལོའི་རྒྱལ་ཁ་དེ་སླར་ཡང་ཀོང་རི་སིར་ཐོབ་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང༌། འབྲུག་རྒྱལ་སྲས། བྷང་ལ་དྷེ་ཤིའི་སྲིད་བློན། པཱ་ཀི་སི་ཐན་གྱི་སྲིད་འཛིན་བཅས་ཁྱིམ་མཚེས་རྒྱལ་ཁབ་ཚོས་རྒྱལ་ཁའི་འཚམས་འདྲི་ཞུས་ཡོད་པ་རེད། འོན་ཀྱང༌། ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་གིས་ད་ལྟའི་བར་རྒྱ་གར་གྱི་འཛིན་སྐྱོང་ལ་སླར་ཡང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།།