སྟོད་དིང་རི་རྫོང་གི་བོད་མི་ཞིག་འཇུ་བཟུང་།
སྟོད་དིང་རི་རྫོང་ཁུལ་ནས་ཡིན་པའི་བོད་མི་ན་གཞོན་སྟོབས་རྒྱལ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་འདུག
དེ་ཡང་ ༢༠༡༤ ལོའི་ཟླ་ ༡༢ ཚེས་ ༢༦ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༡།༥༠ ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ཉེན་རྟོག་པས་རང་ལོ་ ༢༣ ཡིན་པའི་བོད་མི་སྟོབས་རྒྱལ་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙན་འཁྲིད་བྱས་ཡོད་པ་དང་། ཅིའི་ཕྱིར་འཛིན་བཟུང་བྱས་པ། འཆི་གསོན་གྱི་གནས་སྟངས་སོགས་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།
ས་གནས་བོད་མི་དང་ཁོང་གི་ངོ་ཤེས་ཚོས་བརྗོད་པ་ལྟར་ན། ཁོང་གིས་བོད་ཀྱི་གནད་དོན་དང་འབྲེལ་བའི་རྩོམ་ཡིག་དང་། བོད་དོན་དྲིལ་བསྒྲགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་ཞིག་ཡིན་པས། ཆབ་སྲིད་ཉེས་མིང་འོག་འཛིན་བཟུང་བྱས་པའི་སྐོར་གླེང་སློང་དང་དོགས་པ་བྱེད་བཞིན་ཡོད་འདུག
སྟོབས་རྒྱལ་ནི། དིང་རི་རྫོང་བྲག་རྩེ་གྲོང་ཚོའི་ཕ་ཚེ་དབང་བསྟན་འཛིན་དང་། མ་ངག་དབང་གཉིས་ཀྱི་བུ་ཡིན་པ་དང་། ལྷ་སའི་ནང་ཨར་ལས་ཀྱི་ལས་ཀ་བྱེད་བཞིན་པའི་སྐབས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
འདས་ལོའི་ཕྱི་ཟླ་༡ ཚེས་ ༡༧ ཉིན་ཁོང་གི་གཅེན་པོ་ཚེ་དབང་དོན་ལྡན་ཡང་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གཅར་རྡུང་འདྲི་རྩད་བྱེད་མྱོང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།