ཐུགས་རྗེ་ལེགས་འབུལ་གྱི་གསོལ་སྟོན།
གསོལ་སྟོན་དེའི་ཐོག་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇཱེ་སིང་མན་ཀོ་ཊི་ཡ་དང། དྷ་རམ་ས་ལའི་གནད་ཡོད་དཔོན་རིགས། དུས་རྒྱུན་བོད་མིའི་འཚོ་བའི་ནང་ལས་དོན་ལ་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་གར་གྱི་ལས་ཁུངས་དང། ཚོང་ཁང༌། དངུལ་ཁང། གསར་ཁང་སོགས སྡེ་ཚན་མི་འདྲ་བ་༢༩ ནས་ལས་བྱེད་སོགས་ཕེབས་ཡོད་པ་རེད།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་འདས་པའི་ལོ་༥༠ རིང་ལ་རྒྱ་གར་གཞུང་མང་ནས་བོད་མི་རྣམས་ལ་གནས་ཚང་གཡར་བ་ཙམ་མ་ཟད། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་མཚོན་པར་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཙམ་མ་ཟད། ས་གནས་ཚོགས་པ་ཁག་གིས་ཀྱང་ཉིན་འདིར་རྒྱ་གར་རྒྱལ་ཡོངས་གང་སར་གསོལ་སྟོན་གྱིས་རྒྱ་གར་ལ་ཐུགས་རྗེ་ལེགས་འབུལ་ཞུ་བཞིན་ཡོད་པའི་སྐོར་དང། བུད་མེད་ཚོས་བོད་དོན་ལས་འགུལ་ལ་རྒྱ་གར་གྱི་རྒྱབ་སྐྱོར་གནང་བའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
དེ་རྗེས་ཨ་ཇཱེ་སིང་མན་ཀོ་ཊི་ཡ་ལགས་ཀྱིས་གསུང་དོན། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་མི་རྣམས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་བ་ནི་སེམས་སྡུག་གི་གནས་ཚུལ་ཞིག་ཡིན་པ་རེད། འོན་ཀྱང་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་དུ་སླེབས་པ་དང༌། ལྷག་པར་དྷ་རམ་ས་ལ་འབྱོར་ནས་བོད་གཞུང་བཙུགས་པ་དང༌། ༧རྒྱལ་བ་རིན་པོ་ཆེའི་ཕོ་བྲང་བཙུགས་པ་ནས་བཟུང་དྷ་རམ་ས་ལ་གནས་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་དང། ང་ཚོར་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་ཐོབ་པས་བསོད་ནམས་ཆེན་པོ་ཡིན་བསམ་གྱི་ཡོད། དེ་ང་ཚོ་དགའ་འོས་པ་ཞིག་རེད། ང་ཚོ་རྒྱ་གར་གཞུང་མང་གཉིས་ཀྱིས་ཁྱེད་རྣམས་ལ་ཕར་ཐུགས་རྗེ་ཆེ་ཞེས་ཞུ་དགོས་པ་རེད་ཅེས་བོད་མི་རྣམས་རྒྱ་གར་ཡུལ་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་ཡོད་པ་རེད།
ཁོང་གིས་མུ་འཐུད་ནས་གསུང་དོན། ང་ཚོ་ཕན་ཚན་འབྲེལ་བ་བྱུང་ནས་མི་དང་མིའི་བར་མཛའ་འབྲེལ་ཧ་ཅང་ལེགས་པོ་བྱུང་ཡོད། དེ་གནས་མི་གནས་ཀྱི་འགྱུར་བ་ཡོང་སྡོད་ཀྱི་རེད། འོན་ཀྱང་གལ་ཆེ་ཤོས་ཆོས་ཕྱོགས་ནས་འབྲེལ་བ་འཇོག་ཐུབ་དགོས་ཀྱི་འདུག དེ་༧རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ལྟར་ནམ་ཡང་རྒྱུན་གནས་ཐུབ་ཀྱི་རེད་ཅེས་ལམ་སྟོན་གསུང་བཤད་གནང་སོང། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ང་རང་འདིར་འབྱོར་སྐབས་ཕྱི་རྒྱལ་ལ་སླེབས་པའི་ཚོར་བ་སྐྱེས་མ་སོང༌། འོན་ཀྱང་ཨ་རི་སོགས་ལ་སྐྱོད་སྐབས་སོ་སོའི་ཕ་ཡུལ་དང་བྲལ་ཡོད་པའི་ཚོར་བ་སྡུག་པོ་སླེབས་ཀྱི་འདུག སྤྱིར་བཏང་བོད་མི་ཚོ་ལ་རྒྱ་གར་གྱི་ཕྱི་རྒྱལ་རེད། ཨ་རི་ཡང་ཕྱི་རྒྱལ་རེད། ཅེས་རྒྱ་གར་བོད་མི་ཚོར་སེམས་ཐག་ཉེ་པོ་ཡོད་སྐོར་གསུངས་པ་དང། ཡང་ཁོང་གིས་རྒྱ་གར་ཡུལ་མི་རྣམས་དང༌། རྒྱ་གར་གྱི་གཞུང༌། དྷ་རམ་ས་ལའི་གཞུང་མང་མཐའ་དག་ལ་ངས་བོད་གཞུང་མང་གཉིས་དང་བོད་ཀྱི་བུད་མེད་ལྷན་ཚོགས་སོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེས་ཞུ་རྒྱུ་ཡིན་ཅེས་གསུང་ཡོད་པ་རེད།
གསུང་བཤད་གྲུབ་རྗེས་སུ་སྐུ་མགྲོན་རྣམས་ལ་གསོལ་སྟོན་རྒྱ་ཆེར་ཕུལ་ཡོད་པ་དང༌། དེ་ལྟ་བུའི་ལས་འགུལ་སྤེལ་ཕྱོགས་ཐོག་བུད་མེད་ཚོགས་གཙོ་མཆོག་ནས་གསར་འགོད་གསལ་བསྒྲགས་གནང་དོན། ང་ཚོས་ཐུགས་རྗེ་ཆེ་ཞུ་བ་ཙམ་གཅིག་པུ་མ་ཡིན་པར། དུས་རྒྱུན་དུ་ང་ཚོའི་ཉིན་རེའྀ་འཚོ་བའི་མདུན་ལམ་ཐོག་ལས་དོན་དང་འབྲེལ་བ་ཡོད་པ། ལྷག་པར་དུ་འབྲེལ་བ་དེ་མུ་འཐུད་ནས་མཐུན་སྒྲིལ་བརྒྱ་བསྐྱེད་ཡོང་ཐབས་དང༌། བོད་པའི་རྩ་དོན་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་ཡོང་བ་ལ་དམིགས་པ་ཡིན་ཞེས་བརྗོད་སོང༌། མཐའ་དོན་དྷ་རམ་ས་ལའི་རྒྱ་གར་དང་བོད་ཀྱི་སྐུ་མགྲོན་རྣམས་དང་ལྷན་དུ་སྐུ་པར་སྒྲོན་ནས་མཇུག་བསྒྲིལ་བ་ཡོད་པ་རེད།།