འགྲོ་བ་མི་བོར་བརླག་གི་ཉིན་མོ་ཞེས་པ་སྲུང་བརྩི།

ནོར་ཝེ་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༨ ཚེས་༣༠ ཉིན་ནི་རྒྱལ་སྤྱིའི་ཐོག་ཏུ་བཙོན་འཇུག་དང་དོ་དམ་གྱི་བཀག་ཉར་གནས་སྟངས་ཚབས་ཆེན་འོག་ཏུ་ཡོད་པ་དེ་དག་གིས་རང་གི་ནང་མི་སྤུན་མཆེད་རྣམས་ལ་སྐད་འབོད་ཀྱི་བརྡ་ལན་སྤྲོད་པའི་རྒྱལ་སྤྱིའི་འགྲོ་བ་མི་བོར་བརླག་གི་ཉིན་མོ་ཞེས་པ་དེ་ཡིནཔ་དང། ཉིན་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སོགས་གནད་ཡོད་ཚོགས་པ་རྣམས་ཀྱིས་སྲུང་བརྩི་བྱེད་པའི་ཉིན་མོ་གལ་ཆེན་ཞིག་ཡིན་པར་བརྟེན། འཇར་མན་གྱི་གྲོང་ཁྱེར་མུ་ནིག་དང་ཧྥི་རན་ཧྤར་བཅས་སུ་ཡོད་པའི་ལམ་མདོ་ཁག་ཏུ་ཉིན་གཅིག་གི་སྔོན་ཏེ། ཚེས་༢༩ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལྔ་བཅུ་ལྷག་འདུ་འཛོམས་ཀྱིས་བོད་དོན་དྲིལ་བསྒྲགས་བྱས་ཡོད་པ་རེད། དེར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཨ་ཡ་ཤིར་ལགས་ཀྱིས་ལས་འགུལ་དེ་ནི། གཙོ་བོ་བོད་ནང་དུ་བོད་མི་བོར་བརླག་གྱུར་པ་རྣམས་གལ་ཏེ་བཙོན་ཁང་དུ་གསོན་པོར་བསྡད་ཡོད་ཚེ། ཁོང་ཚོའི་གནས་སྟངས་ག་འདྲ་ཡིན་མིན་ནང་མི་ལ་བརྡ་ལན་གསལ་པོ་མ་སྤྲད་པའི་ཁར་བཙོན་ཁང་ཡོད་སའི་ས་ཕྱོགས་གང་ཡིན་ཤེས་རྟོགས་མེད་པའི་སྐོར་འཇར་མན་མང་ཚོགས་ལ་ངོ་སྤྲོད་དང། བཙོན་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་བཤེར་ཆེད་དུ་དམིགས་ནས་དོན་གྲུབ་དབང་ཆེན་གློད་གྲོལ་ཆེད་དུ་ས་རྟགས་བསྡུ་རུབ་བྱས་ཤིང། དེའི་ཐད་རྒྱ་ནག་གཞུང་གིས་གསལ་བཤད་དགོས་པ་མ་ཟད། བཙན་ཤེད་ཀྱིས་བཙན་འཁྲིད་བྱེད་མཁན་ཉེས་ཅན་པ་དེ་དག་ལ་དྲང་བདེན་གྱི་ཁྲིམས་གཅོད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།།