དངུལ་ཆུ་དྷརྨ་བྷ་དྲ་སྐུ་ཕྲེང་བཞི་པ་སྐུ་གཤེགས་པ།
དེ་ཡང་ཟླ་འདིའི་ཚེས་༡༩ཉིན་གྱི་ཕྱི་དྲོ་ཨ་རིའི་ཆུ་ཚོད་༣།༣༠ དགུང་གྲངས་༣༤ སོན་པའི་མཆོག་སྤྲུལ་རྗེ་བཙུན་བསྟན་འཛིན་མཁྱེན་རབ་མཆོག ཨ་རིའི་མངའ་སྡེ་ཨར་གྷན་དུ་གློ་བུར་དུ་དགོངས་པ་རྫོགས་ཡོད་པ་དང༌། ཉིན་གཉིས་ཀྱི་རིང་ལ་ཐུགས་དམ་དུ་བཞུགས་པའི་རྟགས་མཚན་སྐུ་གདུང་གྲང་མོ་མ་ཆགས་པར་བཞུགས་ཤིང། གཟུམ་ཁང་མཐའ་སྐོར་དུ་འཇའ་འོད་སྣ་ཚོགས་ཤར་བའི་འདས་རྟགས་ཀྱང་དད་ལྡན་མི་མང་གིས་དངོས་སུ་མཐོང་འདུག་ཅེས་ཕྱགས་མཛོད་བློ་བཟང་རྡོ་རྗེ་ལགས་ཀྱིས་གསུངས་སོང།
ཟླ་འདིའི་ཚེས་༣༠ ཉིན་གྱི་ཞོགས་པ་རྒྱ་གར་གྱི་ཆུ་ཚོད་༨ དང་སྐར་མ་༡༥ ཐོག་སྐུ་གདུང་འཕགས་ཡུལ་བཀྲིས་ལྷུན་པོར་གདན་ཞུ་གྲུབ་པ་དང༌། ཕྱི་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཐོག་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད། མཁས་གྲུབ་ཆེན་པོ་དངུལ་ཆུ་དྷརྨབྷཌ་མཆོག་གི་སྐུ་ཕྲེང་བཞི་པ་རྗེ་བཙུན་བསྟན་འཛིན་མཁྱེན་རབ་མཆོག་ནི་ཕྱི་ལོ་༡༩༧༥ལོར་ལ་དྭགས་བོད་མིའི་གཞིས་ཆགས་སུ་ཡབ་དཀོན་མཆོག་དང༌། ཡུམ་པདྨ་ལྷ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། དགུང་གྲངས་༡༥བར་དུ་སློབ་གྲྭ་བསྐྱོད་དེ་དེང་རབས་ཀྱི་སློབ་སྦྱོང་བྱས། ༡༩༩༠ལོའི་ཟླ་༨ པའི་ཚེས་༢༠ ྋགོང་ས་མཆོག་གིས་དངུལ་ཆུ་དྷརྨབྷཌ་མཆོག་གི་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་འཕེལ་གསང་བདག་བསྟན་པའི་རྒྱལ་ཚན་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད། དེ་རྗེས་འཕགས་ཡུལ་གདན་ས་བཀྲ་ཤིས་ལྷུན་པོར་མཁན་ཀ་ཆེན་བློ་བཟང་བཟོད་པ་སོགས་མཁས་གྲུབ་མང་པོ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ནང་དོན་རིག་པའི་གཞུང་ཆེན་ཁག་དང༌། རིག་པའི་གནས་ལ་གསན་བསམ་རྒྱ་ཆེར་གནང༌། དགུང་གྲངས་༢༨ ཙམ་ནས་ྋགོང་ས་མཆོག་གི་བཀའ་སློབ་སྤྱི་བོའི་གཙུག་ཏུ་བཀུར་ནས་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་དུ་མར་བོད་བསྟན་སྲིད་ཀྱི་དོན་དུ་མཛད་པ་སྐྱོང་བཞིན་པའི་སྐབས་ཨ་རིར་དགོངས་པ་ཆོས་དབྱངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། མཆོག་སྤྲུལ་ཁོང་དགོངས་པ་མ་རྫོགས་པའི་ཉིན་གཉིས་ཀྱི་སྔོན་ནས་དམ་པ་རང་གི་ཉིན་ཐོའི་ནང་ཁོང་རང་ཉིད་ཀྱིས་སྐུ་གཤེགས་པའི་ཟླ་ཚེས་སོགས་གསལ་བོར་བཀོད་ཡོད་པ་དང༌། སྐུ་མ་གཤེགས་པའི་སྔ་ཉིན་ཁོང་གིས་ཁ་པར་བརྒྱུད་ནས་འབྲེལ་ཡོད་འཁོར་སློབ་ཁག་ཅིག་ལ་ཞལ་ཆེམས་གནང་འདུག་ལ། སྐུ་གཤེགས་ཉིན་གྱི་སྔ་དྲོ་ཡང་ཉེ་བའི་འཁོར་སློབ་འཛོམས་སར་ཐུགས་དགྱེས་སྤྲོའི་རྣམ་པའི་ངང་ཞལ་བརྡ་གནང་ནས་བཞུགས་པ་ལས་སྨྱུང་གཞི་ཡོད་པའི་རྟགས་མཚན་གང་ཡང་ཡོད་པ་མ་རེད་ཅེས་ཕྱག་མཛོད་བློ་བཟང་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌། མེ་སོར་གསར་འགོད་པས།