༄༅། །རྒྱལ་རྩེའི་མེ་ཏོག་དམར་པོ།

ད་ལྟའི་དུས་རབས་ཀྱི་ཀྱོག་མཚམས་འདིར་ཆེས་རྗེས་ལུས་ཀྱི་མིང་བྱང་ཁུར་བའི་གདོང་དམར་བོད་ཀྱི་མི་རིགས་འདི་ལོ་རྒྱུས་ཀྱི་གཏིང་རིང་ཞིང་། གོ་ལ་ཧྲིལ་པོའི་ཁྱོན་འདིར་མཛད་རྗེས་ཀྱི་གཟི་འོད་འཕྲོ་བའི་སུམ་གཉིས་སའི་དཀྱིལ་འཁོར་ལ་བདག་གིར་མཛད་པའི་འཕྲུལ་གྱི་ལྷ་བཙན་པོ་དག་གི་བརྒྱུད་འཛིན་པ་ཡིན་ཞེས་བཤད་ན་ངོ་མནོང་དགོས་པའི་གནས་སུ་གྱར་ཟིན།

འོན་ཀྱང་འཕེལ་འགྲིབ་དང་དར་རྒུད་ནི་འཇིག་རྟེན་གྱི་ཆོས་ཉིད་ལས་མ་འདས། ང་ཚོའི་དུས་རབས་འདིར་ཁྲག་གིས་ཟོས་པའི་མེ་ཏོག་དང་སྒྱོག་མདེལ་འབར་རྫས་སོགས་ཀྱི་སོ་ཁར་དྲངས་པའི་མེས་པོ་ཚོའི་མཁར་ཤུལ་དག་ལ་བལྟ་ཙམ་རེ་བྱས་ཏེ་མགོ་བོ་བྲང་གཞུང་དུ་སྒུར་ནས་སྡོད་པ་ལས་དགྲ་བོར་ཕར་རྒོལ་གྱི་བློ་སྟོབས་དང་། རང་ས་རང་སྲུང་གིས་ཉམ་པ་སླར་གསོའི་ཐབས་ལམ་སོགས་གང་ཡང་མ་རྙེད་པར་ད་ལྟའང་གཏོར་བཅོམ་བྱས་པའི་གྱང་རོ་དག་འགྱེལ་མ་ལང་དུ་བསྡད་ཡོད། དབྱིན་འགོག་བཙན་རྫོང་མཁར་ཤུལ་དག་ན་ཁྲག་རྡུལ་གྱིས་གོས་པའི་མེ་ཏོག་མང་དག་ཅིག་གིས་མགོ་བོ་ལྡེམ་ལྡེམ་གྱིས་རྒྱལ་རྩེའི་རི་ཆུ་བྲག་གསུམ་ལ་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་བྱེད་པ་འདི་ནི། རྒྱལ་གཅེས་དཔའ་བོ་མང་པོས་ཤ་ཁྲག་སྲོག་གསུམ་ཕངས་མེད་དུ་བཏང་བའི་བླ་དང་རྣམ་ཤེས་ཀྱི་རྒྱུ་ལམ་ཡང་གནས་འདིར་མོད་ལ། ཤུལ་དུ་ལུས་པའི་བཟའ་ཟླ་བུ་ཕྲུག་རྣམས་ཀྱིས་ངུ་ངག་གི་ཆོ་ངེ་འདོན་ས་ཡང་གནས་འདིར་ཡིན་པས་མེ་ཏོག་འདི་དག་ལ་དཔའ་བོའི་མེ་ཏོག་ཅེས་འབོད་ཆོག

ཁྲག་དང་རྔུལ་ཆུས་བརླན་པའི་གདོང་ལག་པས་འབྱིད་བཞིན་ཡ་སོ་མ་མཆུ་ལ་བཏབ་སྟེ་དཔའ་བོའི་ཀི་སྒྲ་དང་བཅས་སྒྱོགས་མདའི་མེ་ལྕེ་ལྷོང་ལྷོང་དུ་འཕྱུར་བའི་ནང་དྲག་རྒོལ་སྣ་ཚོགས་ཀྱིས་དམར་འཛིང་བྱས་པ་སོགས་དབྱིན་འགོག་བཙན་རྫོང་གི་མཐའ་ཡི་ལྕགས་རི་དང་མཚུངས་པ་དགྲ་བོར་རྒོལ་ལན་སློག་པའི་གཡུལ་སར་གཤེགས་པའི་མི་རིགས་ཀྱི་དཔའ་བོ་རྣམས་མེ་ཏོག་ལ་རྫུས་ཏེ་ང་ཚོར་ཕྱི་མིག་གཅེར་བཞིན་པ་ནི་ཆེས་ཡ་མཚན་ལ་ཆེས་ཡིད་སྐྱོ་བ་ཞིག་ཀྱང་ལོས་ཡིན།་

རྩོམ་པ་པོས་རྒྱལ་གཅེས་ཀྱི་དཔའ་བོ་རྣམས་མེ་ཏོག་དམར་པོའི་གཟུགས་སུ་བཀོད་དེ་རྒྱལ་རྩེའི་མཁར་ཤུལ་དག་གི་སྒང་འབུར་གཤོང་གསུམ་ནས་བལྟ་ཉུལ་བྱེད་བཞིན་པའི་གཟུགས་རིགས་བཀོད་འབྲི་བྱས་པ་འདིས་ཀྱང་མི་རབས་གསར་པ་རྣམས་ལ་བསམ་བློའི་གོ་རྟོགས་ངེས་ཅན་ཞིག་སྤྲད་ཡོད།

དེས་ན་དཔའ་བོའི་མེ་ཏོག་ཁག་ཅིག་ནི་ཁྲག་དང་ས་རྡུལ་གྱིས་ཟོས་པས་སྨུག་ཞད་ཆེ་བ། སྦྲང་ཆར་དང་ཉི་འོད་ཀྱིས་མ་རེག་པའི་མེ་ཏོག་དག་ནི་སྐྱ་ཤས་ཆེ་བ། སྒྱོགས་མདེལ་དང་མེ་མདའི་སོ་ཁར་ལྷག་པའི་མེ་ཏོག་དག་ནི་སེར་དྲེག་ཆགས་པ། མཁར་རྫོང་གཏོར་བའི་ས་ཤིང་རྡོ་གསུམ་གྱིས་གདན་དུ་བཏིང་བའི་མེ་ཏོག་དག་ནི་ཡུ་བ་སྔས་སུ་བྱས་ཏེ་གཉིད་དུ་ཡུར་བ། དྲག་དམག་གི་རྐང་འོག་ཏུ་ཤོར་བའི་མེ་ཏོག་དག་ནི་འདབ་མ་སྐམ་ལ་ཐལ་རྡུལ་གྱིས་ན་བཟས་ཡོངས་སུ་བཀླུབས་པ།་རྫས་ལུད་དང་དུད་སྨུག་གིས་ཚོས་པའི་མེ་ཏོག་དག་ནི་དྲི་ང་འཛག་ཅིང་སྔོ་ཞད་ཆེ་བ་སོགས་མདོར་ན་རྒྱལ་རྩེའི་ཁོར་ཡུག་འདིའི་སྣོདབཅུད་གཉིས་ཀྱི་མཛེས་སྡུག་ཡོངས་རྫོགས་རྫས་ལུད་དང་མདེའུས་ཁེངས་བཞིན་པ་འདི་གདོང་དམར་སྤྲེལ་ཚའི་མི་བུ་རྣམས་ཀྱིས་ནམ་ཡང་བརྗེད་མི་རུང་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་མཐོང།་མདོར་ན་རྒྱལ་གཅེས་ཀྱི་དཔའ་བོ་དག་ནི་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པའི་དྲག་ཤུགས་ཀྱི་མཚོན་ཆ་ཇི་ལྟར་རྩུབ་ཀྱང་འུར་རྡོ་དང་ཁུར་ཚུའི་སྦྱོར་བ་ལས་མེད་ནའང་ཞུམས་མེད་ཀྱི་སྙིང་སྟོབས་བཙན་པོས་སྙིང་ཁྲག་གི་དྲོད་རླབས་རྒྱལ་རྩེའི་ཁོར་ཡུག་དག་ལ་བསྟིམས་པ་ཡང་བརྗེད་སླ་བ་ཞིག་གཏན་ནས་མིན། ད་དུང་རྩོམ་པ་པོས་རྒྱལ་རྩེའི་ཁོར་ཡུག་ཐམས་ཅད་དཔའ་བོའི་མེ་ཏོག་གིས་བརྒྱན་ཏེ་ཞིབ་འབྲི་བྱས་པས་ཀློག་པ་པོའི་སེམས་ངོགས་སུ་སྒྱུ་རྩལ་གྱི་གསོན་ཉམས་སྟེར་བ་མ་ཟད་རྒྱལ་རྩེའི་རི་ཆུ་བྲག་གསུམ་ཀློག་པ་པོའི་སེམས་ངོས་སུ་ནམ་ཡང་དྲན་སླ་བའི་རྨ་ཁ་ཞིག་ཀྱང་བཟོས་ཡོད།