ཁ་ཆེ་དྲག་སྤྱོད་པའི་བྱ་སྤྱོད་ལས་ཁ་ཆེ་བ་དཀྱུས་མ་དག་ལ་སྡང་ཟུག་དང་རྡུང་རྡེག
ཧྥ་རན་སིར་ཛ་དྲག་གནས་སྟངས་ཀྱི་ཁྲིམས་ཟླ་བ་གསུམ་རིང་ལག་ལེན་བསྟར་རྒྱུ་ཡིན་པས། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་མང་པོས། དུས་ཚོད་དེའི་རིང་སྤྱི་དམངས་ཀྱི་རང་དབང་རྡོག་རོལ་གྱི་གནས་སྟངས་ཁྱབ་ཆེན་པོ་ཡོང་སྲིད་པའི་ཉེན་བརྡ་བཏང་འདུག
ཟླ་འདིའི་ཚེས་༡༣ ཉིན་ཁ་ཆེ་དྲག་སྤྱོད་པས་ཧྥ་རན་སིའི་རྒྱལ་སའི་ས་གནས་ཁག་དྲུག་ལ་མི་གསོད་ཁྲག་སྦྱོར་བྱས་ཏེ། མི་༡༣༠ བསད་པས། ཧྥ་རན་སིའི་སྲིད་འཛིན་གྱིས་ལུང་པ་དེར་ཟླ་གསུམ་གྱི་ཛ་དྲག་གི་ཁྲིམས་ལག་ལེན་བསྟར་རྒྱུ་ཡིན་པ་ཐག་གཅོད་བྱས་ཏེ། འཇིག་སྐུལ་རིང་ལུགས་པ་དང་འཐབ་རྒོལ་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཁྲིམས་དེའི་འོག་བདེ་འཇགས་མི་སྣས་དོག་གཞི་ཅན་གྱི་མི་སྣ་འཇུ་བཟུང་བྱེད་པ་དང་དོགས་གཞིའི་ས་གནས་ཁག་ལ་གློ་བུར་སྔོག་བཤེར་བྱེད་པ་སོགས་ལ། ཁྲིམས་ཀྱི་བཀའ་ཁྲོལ་མི་དགོས་པར་རང་དབང་ཐོག་འཇུ་བཟུང་དང་སྔོག་བཤེར་སོགས་བྱེད་ཆོག་གི་ཡོད་པས། རང་དབང་གི་ཚོགས་པ་དང་སྒེར་པ་མང་པོས་སྤྱི་དམངས་ཀྱི་རང་དབང་ལ་རྩི་འཇོག་མེད་པར་ཁྲིམས་དེ་ལོག་པར་སྤྱོད་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག
ཛ་དྲག་གི་ཁྲིམས་ལག་ལེན་བསྟར་ནས་ཉིན་གསུམ་རིང་ལ། ཁང་པ་༤༡༤ ལ་སྔོག་བཤེར་བྱས་ཡོད་པ་དང་མི་༢༩ འཇུ་བཟུང་བྱས་པ་དང། དེ་བཞིན་མི་༡༡༨ བཟང་བཙོན་འོག་ལ་ཡོད་འདུག དེ་དག་ཁྲོད་ཁ་ཆེའི་ལྷ་ཁང་དང་ཁ་ཆེ་བའི་ཚོང་ལས་ཁང་སོགས་ལ་ཚུལ་མིན་གྱི་སྔོག་བཤེར་དང་གཏོར་བཤིག ཁ་ཆེའི་དཔེ་ཆ་ས་ལ་གཡུགས་པ་སོགས་བྱས་པའི་གནས་ཚུལ་ཁ་ཤས་ཐོན་འདུག
རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། ཛ་དྲག་གི་ཁྲིམས་ལག་ལེན་བསྟར་ཚུལ་ཁ་ཤས་ཀྱི་རྣམ་པ་དྲག་གནོན་གྱི་ཁྲིམས་སུ་གྱུར་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་འགྲོ་ཡི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཧྥ་རན་སིའི་ཁ་ཆེའི་ཆོས་ལུགས་ལ་སྡང་ཟུག་ཁ་གཏད་ཚོགས་པའི་མགྲིན་ཚབ་པ་ཡ་སཱེར་(Yasser)གྱིས་འཇུ་བཟུང་དང་སྔོག་བཤེར་མང་དུ་འགྲོ་ཁར། ཁ་ཆེ་བ་ལ་རྡུང་རྡེག་གི་གནས་ཚུལ་ཡང་མང་དུ་འགྲོ་བཞིན་པ། ཟླ་འདིའི་ཚེས་༡༤ ནས་༡༩ བར་ལ་ཁ་ཆེ་བར་དྲག་རྡུང་བྱས་པའི་གནས་ཚུལ་༢༦ བྱུང་འདུག་པས། ཁོང་ལ་ཉིན་ལྟར་ཁ་ཆེ་མི་རིགས་མང་པོས་ཕར་རྒོལ་བྱེད་དགོས་པའི་ཁ་པར་མང་པོ་འབྱོར་བཞིན་ཡོད་པ། དེ་བཞིན་ཁ་ཆེ་བའི་ལྷ་ཁང་མང་པོ་ཞིག་མཚན་ལ་སྔོག་བཤེར་བྱས་སྐབས་སྒོ་བཅག་པ་དང་ཐོག་གཏོར་བ། དཔེ་ཆ་ས་ལ་གཡུག་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་འཕེལ་བཞིན་ཡོད་སྐོར་འགྲེལ་བརྗོད་དང། “ཧྥ་རན་སིས་འཇིག་སྐུལ་རིང་ལུགས་པར་དམག་འཐབ་བྱེད་རྒྱུར་ཁྱབ་བསྒྲགས་བྱས་པ་རེད་དེ། ཁ་ཆེ་བ་ཚང་མ་ཁོང་ཚོའི་དགྲ་མ་རེད། འཇིགས་སྐུལ་རིང་ལུགས་པའི་གནོད་སྐྱོན་ཕོགས་མི་དང་པོ་མ་ཁ་ཆེ་བ་ཚོ་རེད།”ཅེས་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇེ་ཛ་རར་བརྗོད་འདུག
ཕྱི་ལོ་༢༠༡༡ ལོར་ཨ་རིའི་ཚོང་ལས་ཁང་ཆེན་པོ་གཉིས་ཁ་ཆེ་དྲག་སྤྱོད་པ་ཏ་ལི་བྷན་གྱིས་གཏོར་ནས་མི་མང་པོ་ཤི་བས། ཨ་རིར་སྡོད་མཁན་ཁ་ཆེ་བ་མང་པོར་མི་མང་གིས་སྡང་ཟུག་དང་རྡུང་རྡེག་དབྱེ་འབྱེད་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་པ་དང། ཐེངས་འདིར་ཡུ་རོབ་ཧྥ་རན་སིའི་རྒྱལ་སར་ཁ་ཆེ་དྲག་སྤྱོད་པ་ཨའི་སེ་སེས་མི་གསོད་ཁྲག་སྦྱོར་བྱས་རྐྱེན། ཡུ་རོབ་ཀྱི་ལུང་པ་མང་པོའི་ནང་ཁ་ཆེ་བར་སྡང་ཟུག་གི་བྱ་སྤྱོད་མང་པོ་བྱུང་བཞིན་ཡོད་པ་རེད། ཡིན་ཡང་ཁ་ཆེ་བ་མང་པོ་ཞིག་གིས་དྲག་སྤྱོད་པ་དེ་དག་ཁ་ཆེའི་ཆོས་ལུགས་ཀྱི་ཚབ་མཚོན་མིན་པར་དགག་བྱ་ཤུགས་ཆེན་དང། ཡུ་རོབ་ཀྱི་ཁ་ཆེ་མ་ཡིན་པའི་མི་མང་དཀྱུས་མས་ཉེས་མེད་ཁ་ཆེ་བར་སྙིང་རྗེ་དང་ཁོང་ཚོར་དབྱེ་འབྱེད་བྱེད་མི་རུང་བར་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
