རྒྱ་ནག་གིས་ཡུལ་སྐོར་སྤྲོ་འཆམ་པར་ངོ་ཚ་བཟོ་འཆར།
བོད་ནང་དུ་ཡོད་པའི་རྒྱ་ནག་གི་ལས་བྱེད་ཚོས། བོད་ཕྱོགས་ཀྱི་རི་བོ་ཇོ་མོ་གླང་མར་ཡོད་པའི་རྡོ་རིང་སོགས་ཀྱི་སྟེང་དུ་རི་མོ་དང་ཡི་གེ་འབྲི་མཁན་ཚོ། བརྒྱུད་ལམ་ཁག་ཏུ་མིང་འབོད་བྱས་ནས་ངོ་ཚ་བཟོ་འཆར་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ལོ་ལྟར་ཟླ་༥ པའི་ནང་རི་བོ་ཇོ་མོ་གླང་མར་ཡུལ་སྐོར་སྤྲོ་འཆམ་པ་གྲངས་འབོར་ཆེན་པོ་ཡོང་གི་ཡོད་པ་དང། དེའི་ཁྲོད་མང་ཆེ་བ་ནི་རྒྱ་མི་ཡིན་ཁར། དེ་ཚོས་རི་འོག་གི་སྡོད་སྒར་དུ་ཡོད་པའི་རྡོ་རིང་སོགས་ཀྱི་སྟེང་ལ། རང་ཉིད་ཀྱི་སྐད་ཡིག་ཐོག་ནས་ང་འདི་གར་སླེབས་མྱོང་ཡོད་ཅེས་འབྲི་་ཡི་ཡོད་པས། རྒྱ་ནག་གི་ལས་བྱེད་ཚོས་ཁོ་ཚོའི་ཆེད་དུ་ཡི་གེ་འབྲི་ས་རྡོ་རིང་གསར་པ་འཛུགས་རྒྱུ་ཡིན་འདུག
དིང་རིའི་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པས། “འདི་ལོ་ནས་འགོ་བཙུགས་ཏེ། ང་ཚོས་བཟང་སྤྱོད་དང་བསམ་ཤེས་མེད་པའི་ཡུལ་སྐོར་སྤྲོ་འཆམ་པ། དཔེར་ན་རྡོ་ལ་རི་མོ་སོགས་འབྲི་མཁན་ལྟ་བུའི་མིང་བརྒྱུད་ལམ་ཁག་ནང་ཁྱབ་བསྒྲགས་བྱས་ཏེ་ངོ་ཚ་བཟོ་རྒྱུ་ཡིན་”ཞེས་བཤད་འདུག
རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ། ཕྱི་ལོ་༢༠༡༥ ལོར་རི་བོ་ཇོ་མོ་གླང་མར་ཁྱོན་བསྡོམས་འགྲུལ་སྐོར་ཐེངས་ཁྲི་༤ བསྐྱོད་ཡོད་པ་དང། ཉིན་རེར་ཆ་སྙོམས་ལ་འགྲུལ་སྐོར་ཐེངས་༥༥༠ ཕྱིན་ཡོད་པ། ཕྱི་ལོ་༢༠༡༥ ལོའི་ཟླ་བ་ཐོག་མ་༨ ཀྱི་ནང་བོད་ལ་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༤.༣ ཕྱིན་ཡོད་པའི་ཁྲོད། མང་ཆེ་བ་ནི་རྒྱ་མི་ཡིན་པ་རེད་འདུག
དེབཞིན་བལ་ཡུལ་ཕྱོགས་ཀྱི་རི་བོ་ཇོ་མོ་གླང་མར། བལ་ཡུལ་ལ་ས་ཡོམ་བརྒྱབ་རྗེས་ཐེངས་དང་པོར་ཤར་པ་༩ རི་རྩེ་བར་འཛེགས་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།
