སྔ་འགྱུར་སྨོན་ལམ་ཆེན་མོའི་དབུ་འཛིན་གསར་འདེམས་སྐོར།

སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དེ་ཉིད་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་གསུམ་པ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ཡིན་ཡང། ༧སྐྱབས་རྗེ་མཆོག་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་པར་བརྟེན། སྨོན་ལམ་ཆེན་མོ་འདིའི་སྐབས་སྔ་འགྱུར་སྨོན་ལམ་ཆེན་མོའི་རྒྱུན་ལས་སུ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང༌། ༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་གྱང་ཁང་རིན་པོ་ཆེ་མཆོག་བཅས་ཀྱིས་ལོ་གསུམ་རེར་རེས་མོས་ཀྱིས་སྨོན་ལམ་ཆེན་མོའི་རྒྱུན་ལས་ཀྱི་དབུ་འཛིན་གནང་རྒྱུ་དང༌། དེ་ཡང་ཐོག་མའི་ལོ་གསུམ་ལ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་གནང་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད།
སྨོན་ལམ་ཆེན་མོ་སྐབས་འདི་དང་བསྟུན་ཕྱི་ཚེས་༡༩ ཉིན་གྱི་དགོང་མོ་བླ་ཆེན་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ་བཅས་མཉམ་འཛོམས་ཀྱིས་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་བཞི་པ་༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ད་བར་ལོ་གཉིས་ཙམ་གྱི་རིང། སྔ་འགྱུར་རྙིང་མ་པའི་དབུ་འཛིན་གསར་འདེམས་གནང་མེད་པས་དེའི་སྐོར་ལ་བཀའ་བསྡུར་གནང་བའི་མཐའ་བསྡོམས་སུ་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་དང། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་བཅས་༧སྐྱབས་རྗེ་རྣམ་པ་བཞི་ལ་དགུང་ན་མཐོ་དམན་ལ་གཞིགས་ནས་སྔ་འགྱུར་རྙིང་མ་པའི་དབུ་འཛིན་གནང་རྒྱུའི་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག་པ་དང། དེ་ཡང་དགུང་ན་མཐོ་ཤོས་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་ལ་སྔ་འགྱུར་རྙིང་མ་པའི་ཆོས་བརྒྱུད་ཀྱི་དབུ་འཛིན་གནང་རྒྱུའི་གསོལ་འདེབས་ཐོག་མ་ཞུ་རྒྱུ་ཡིན་འདུག གལ་སྲིད་ཁོང་གིས་ཞལ་བཞེས་མ་གནང་ན། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་གསོལ་འདེབས་ཞུ་རྒྱུ་དང༌། རྗེས་སུ་རིམ་པ་བཞིན་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་དང། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་བཅས་ལ་རེ་རེ་བཞིན་སྔ་འགྱུར་རྙིང་མ་པའི་དབུ་འཛིན་གནང་རྒྱུའི་གསོལ་འདེབས་ཞུ་རྒྱུ་ཡིན་འདུག དེ་ལྟར་སྔ་འགྱུར་རྙིང་མ་པའི་དབུ་འཛིན་གཏན་འཁེལ་གནང་ཟིན་པའི་རྗེས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་སྔ་འགྱུར་རྙིང་མ་པའི་དབུ་འཛིན་དུ་བསྐོ་གཞག་བསྩལ་རྒྱུ་ཡིན་ཚུལ་བཅས་འབྲེལ་ཡོད་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་ཁ་པར་བརྒྱུད་འགྲེལ་བརྗོད་གནང་སོང།།