བསླབ་པ་མཐར་སོན་པའི་མཛད་སྒོ།
དེ་བཞིན་ས་གནས་གཞིས་འགོ་རྣམ་པ་དང་འབྲེལ་ཡོད་ཚོགས་པ་ཁག་གི་འཐུས་མི་དང་དད་ལྡན་མི་མང་རྒྱས་འཛོམས་ཐོག བཀྲ་ཤིས་ལྷུན་པོའི་གཞུང་ཆེན་སློབ་གཉེར་བའི་བསླབ་པ་མཐར་སོན་པར་ཕྱག་ཁྱེར་བསྩལ་བའི་མཛད་སྒོ་དངོས་སུ་ཚུགས་པ་དང། བཀའ་ཆེན་བློ་བཟང་ཚེ་བརྟན་ལགས་ནས་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་ཞིང། ༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་སོགས་ནས་བཀྲ་ཤིས་ལྷུན་པོའི་བསླབ་པ་མཐར་སོན་པའི་དགེ་འདུན་པ་བཀའ་ཆེན་རབ་འབྱམས་པའམ་དགེ་བཤེས་ལྷ་རམས་པ་དྲུག་དང་ཚོགས་གསོག་པ་བདུན། རྣམ་འགྲེལ་དཀའ་ཆེན་པ་གསུམ་སོགས་ལ་ཕྱག་རྟགས་གནང། དེ་བཞིན་འཛིན་བཟང་པ་དང་དྲུང་ཆེ་ཕྱག་མཛོད་སོགས་ལ་ཡང་ཕྱག་རྟགས་བསྩལ་གྲུབ་རྗེས། ལོ་ཆེན་རིན་པོ་ཆེས་གདན་ས་བཀྲ་ཤིས་ལྷུན་པོ་མིང་དོན་མཚུངས་པ་ཞིག་དངོས་སུ་འགྲུབ་པར་དགའ་སྤྲོའི་གསུང་བཤད་གནང༌། བདེ་སླར་ས་གནས་འགོ་འཛིན་གྱིས་དགེ་འདུན་པ་རྣམས་ལ་སངས་རྒྱས་ཀྱི་བསྟན་པའི་འགན་གཙོ་བོ་དགེ་འདུན་པས་བཞེས་དགོས་པའི་གཞེན་བསྐུལ་གསུང་བཤད་གནང་སོང༌། སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གྲུབ་རྗེས་མཛད་སྒོ་གྲོལ་སོང༌།
དགོན་པ་དེར་ད་ཡོད་དགེ་འདུན་པ་༣༠༠ ལྷག་ཙམ་གྱིས་བོད་ཀྱི་གདན་སའི་བཞེད་སྲོལ་ལྟར། ཤར་རྩེ་བསམ་གཏན་གླིང་གྲྭ་ཚང། དཀྱིལ་ཁང་ལེགས་བཤད་སྒྲོག་པའི་གླིང། ཐོས་བསམ་ནོར་བུའི་གླིང་གྲྭ་ཚང། གསང་སྔགས་རྒྱུད་པ་གྲྭ་ཚང་བཅས་སུ་གཞུང་ཆེན་བཀའ་པོད་ལྔ་སོགས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་སློབ་གཉེར་གནང་བཞིན་ཡོད་པ་རེད།། མེ་སོར་གསར་འགོད་པ