བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་ལ་དགའ་བསུ།
ཟླ་འདིའི་ཚེས་༡༧ ཉིན་བོད་ཀྱི་རྒྱལ་དར་གྱི་ཚ་རླུང་ལྒང་ཕུག་དེ་ཧོ་ལེན་ཊེའི་ལྒང་ཕུག་དུས་སྟོན་ནང་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་བོད་མི་དང་རྒྱབ་སྐྱོར་བ་མི་གྲངས་བརྒྱ་ལྷག་དགའ་བསུ་བྱེད་དུ་སླེབས་ཡོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཚེ་རིང་བྱམས་པས་བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་དེ་ཧོ་ལེན་ཊེའི་ས་གནས་ལ་འཕུར་ཐུབ་པར། བོད་མི་རྣམས་ལ་ཚོར་བ་རྣོན་པོ་ཞིག་སྐྱེས་ཡོད་པ་དང་། བོད་ནང་ལ་བོད་ཀྱི་རྒྱལ་དར་དེ་བཀག་སྡོམ་བྱེད་ཀྱི་ཡོད་པ། དུས་སྟོན་གོ་སྒྲིག་པས་བོད་རྒྱལ་དར་གྱི་ལྒང་ཕུག་མཉམ་ཞུགས་བྱེད་བཅུག་པར་བཀའ་དྲིན་ཆེན་པོ་ཡིན་སྐོར་བརྗོད་ནས། བོད་ཀྱི་ལྒང་ཕུག་ལས་གཞི་འགོ་འཛུགས་བྱེད་མཁན་ཧེ་ཝན་(Heaven Crawley) དང་པོལ་(Paul Dopson) གཉིས་ལ་ཡང་ཐུགས་རྗེ་ཆེ་ཞུས་འདུག
བོད་ཀྱི་ལྒང་ཕུག་ལས་གཞི་དེ་ཐོག་མར་ལྕམ་ཧེ་ཝན་དང་སྐུ་ཞབས་པོལ་གཉིས་ཚ་རླུང་ལྒང་ཕུང་ཐོག་བོད་ཀྱི་རྒྱལ་དར་གབཏགས་ནས་འཕུར་གྱི་ཡོད་པ་དང་། སྐབས་དེར་མི་མང་པོ་ཞིག་གིས་རྒྱལ་དར་སྐོར་སྐད་ཆ་འདྲི་ཡི་ཡོད་པས། ཁོང་གཉིས་ཀྱིས་བོད་དོན་ཁྱབ་བསྒྲགས་ཡོང་ཆེད་དུ་བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་ཅིག་བཟོས་ནས་གནམ་ལ་འཕུར་རྒྱུའི་བསམ་བློ་རྙེད་ཡོད་པ་རེད། དུས་ཚོད་རིང་པོར་འཆར་གཞི་དང་ལས་གཞིའི་ཆེད་ཞལ་འདེབས་སློང་ནས། མཐར་ཕྱི་ལོ་༢༠༡༥ ལོའི་ཟླ་༦ པའི་ཚེས་༡༡ ཉིན་དབུ་འབྱེད་ཀྱི་མཛད་སྒོ་ཡུ་རོབ་སི་པན་སུ་འཚོགས་པ་དང་། འཇམ་དབྱངས་བཀྲ་ཤིས་རྡོ་རྗེ་རིན་པོ་ཆེས་ལྒང་ཕུ་དེར་བཀྲ་ཤིས་རྒྱལ་མཚན་ཞེས་མིང་བཏགས་ནས། གནམ་ལ་ཐེངས་དང་པོར་འཕུར་ཡོད་པ་རེད།
ད་བར་བོད་རྒྱལ་དར་གྱི་ལྒང་ཕུག་གིས་ཧྥ་རན་སི་དང་ཨི་ཊ་ལི། སི་པན། དབྱིན་ཡུལ། ཧོ་ལེན་ཊ་བཅས་ཀྱི་ལྒང་ཕུག་དུས་སྟོན་ནང་མཉམ་ཞུགས་བྱས་ནས་གནམ་ལ་འཕུར་ཡོད་པ་དང་། ཟླ་༡༡ ནང་མེག་སི་ཀོ་ལ་འཕུར་རྒྱུ་ཡིན་འདུག
བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་དེར་རྒྱ་ནག་གིས་གནོན་ཤུགས་སྤྲོད་ཐབས་ཐེངས་མང་བྱས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༡༥ ལོའི་ཟླ་༧ པའི་ནང་གི་དབྱིན་ཡུལ་བྷེ་རི་སེ་ཊོལ་རྒྱལ་སྤྱིའི་ལྒང་ཕུག་དུས་སྟོན་སྐབས། གོ་སྒྲིག་པ་ཚོར་རྒྱ་ནག་གཞུང་ཚབ་བརྒྱུད་གནོན་ཤུགས་སྤྲད་ཡོད་ཀྱང་། ལྒང་ཕུག་གནམ་ལ་འཕུར་བར་བཀག་འགོག་བྱེད་ཐུབ་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།