རིགས་རུས་ཀྱི་འགྱུར་བག་ཁྲོད་ནས་ངུས་པ།
དྲན་པ་གོར་མོ་རི་མགོའི་དར་ལྕོག་བཞིན།།
རླུང་འཚུབ་དྲག་པོས་ཡང་ཡང་བསྐྱོད་ཐེངས་ཤིག།
འགྲོ་འདུག་བསྐྱོད་གསུམ་གསུབ་ན་བཞུར་བ་འདིས།།
རང་གི་སྐྱི་འབག་འདི་ལ་ཤེད་ཅིག་སྩལ།།
དཀར་པོ་དུང་ལ་བརྒྱུས་པའི་བསམ་གཞིགས་དང་།།
དམར་པོ་མེ་ཡི་བསྲེག་པའི་ཞེན་རྩ་དང་།།
ལྷོག་ལྷོག་ཁོང་ནས་བརྡོལ་བའི་སྙིང་ཆུང་གིས།།
རིགས་ཞེན་དྲི་མ་མེད་པའི་ཚུལ་ཞིག་མངོན།།
ཐག་རིང་བྱང་གི་ཡུལ་ན་འཚོ་བ་ཡི།།
ས་ཡ་དྲུག་གི་ངོ་ཚབ་བོད་མི་རྣམས།།
ཉིན་མཚན་རང་དབང་མེད་པའི་ཁོར་ཡུག་ན།།
ཁྲག་དང་བརྣག་གི་རྨ་ཁ་བསམ་དུས་སྐྱོ།།
བྱེས་སུ་རང་ཁ་གསོ་བའི་ངན་གཤིས་དང་།།
ཕྱི་རུ་བུད་ནས་སྒོར་མོའི་བྲན་གཡོག་མཁན།།
རིགས་ཞེན་མེད་པའི་བོད་མི་གཟུགས་ཙམ་དག།
མཐོང་བའི་ཚེ་ན་སྙིང་ཁར་གཟེར་ཤད་རྒྱག།
མཐོ་སར་འགྱིང་བའི་དཔོན་པོ་བརྗིད་ཉམས་ཅན།།
དམའ་སར་བསྡོད་པའི་ཁེ་བཙོང་ཙག་ཙག་མཁན།།
གཅིག་ལས་གཅིག་མགྱོགས་དཔལ་འབྱོར་ཁོ་ནའི་ཆེད།།
གཞན་སྐད་སྤྱང་ནས་རང་སྐད་དོར་དུས་སྡུག།
མི་ཤེས་ཟེར་ནས་བསྡོད་པ་བཟང་དུ་བརྩི།།
མ་རིག་ཟེར་མཁན་དྲང་བོའི་མི་ལ་འདྲེན།།
མ་གོ་ཟེར་ན་མི་གཤིས་འཇམ་པོར་རློམ།།
བྱེད་སྟངས་འདི་ཚོས་རིགས་རུས་གཡང་དུ་དེད།།
