གནམ་ས་གོ་འབྱེད་རྒྱ་གར་དུ་བསྐྱར་པར་དང་དབུ་འབྱེད།
དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་གཙོ་བོ་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་དང། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ཀྱིས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དང་པོ་ཚོགས་གཞོན་རྒྱ་རི་སྒྲོལ་མས་གསུང་དོན། བོད་ཆོལ་གསུམ་ཡོངས་རྫོགས་ནས་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་འདི་སྤེལ་བ་རེད། དེབ་འདིའི་ནང་ཡོད་པ་བཞིན་རང་དབང་དང་འདྲ་མཉམ། ཐོབ་ཐང། མང་གཙོ། ཆབ་སྲིད་ཀྱི་འདུ་ཤེས། ས་ཁོངས་ཀྱི་འདུ་ཤེས་ལྷག་པར་དུ་མི་རིགས་ཀྱི་འདུ་ཤེས་བཅས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གིས་བོད་ནང་ལ་ཡོད་མཁན་ཚོ་དང། ལས་འགུལ་སྤེལ་དང་སྤེལ་བཞིན་པའི་དུས་ཚོད་ཅིག་ཆགས་བསྡད་ཡོད་རེད། མི་གཅིག་རང་གིས་ཡིན་ནའང་བོད་ཀྱི་རྒྱལ་དར་ཞིག་ཡར་བླངས་ཐུབ་པ་ཡིན་ན་འདྲ། དེ་བཞིན་གཞས་པ་ཚོས་གཞས་ཀྱི་ལམ་དང། རྩོམ་པ་པོ་ཚོས་རྩོམ་གྱི་ལམ་ནས་བོད་ཀྱི་རྩ་དོན་དང་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་ཕྱག་ལས་གནང་བ་དེ་དག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྙིང་ཐག་པ་ནས་གུས་འདུད་དང་སྦྲགས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་ནང་གི་བོད་མི་ཚོས་བསམ་བློ་ཞིག་བཏང་ནས་གོམ་པ་རྒྱག་ཡོང་དུས་བཙན་བྱོལ་དུ་ཡོད་མཁན་ཚོས་དེ་དང་མཉམ་དུ་གོམ་པ་རྒྱག་ཐུབ་དགོས་པ་གལ་ཆེན་པོ་རེད་ཅེས་དང། དེ་བཞིན་ཞོགས་དུང་ལགས་ཀྱིས་དཔེ་དེབ་འདི་འདྲ་ཞིག་བརྩམས་པར་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་སྐོར་གསུངས་སོང།
དེ་རྗེས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ཀྱིས་གསུང་དོན། མ་གཞི་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོ་ཆ་རྐྱེན་འདང་མི་འདང་གི་དཀའ་ངལ་ཡོད་རེད་དེ། བོད་ནང་དང་བསྡུར་བ་ཡིན་ན་ང་ཚོ་ལ་རང་དབང་ཆེན་པོ་ཞིག་ཡོད་རེད། དེ་སྔོན་བོད་ཀྱི་ལོ་རྒྱུས་དེ་མང་པོ་ཞིག་གིས་མི་ཤེས་པའི་དཀའ་ངལ་ཞིག་ཡོད་རེད། དེ་ག་རེ་རེད་ཟེར་ན། བོད་ཀྱི་ལོ་རྒྱུས་དེ་འཛམ་བུ་གླིང་དུ་དེབ་པར་སྐྲུན་དང་འགྲེམས་སྤེལ་གྱི་གོ་སྐབས་ཡག་པོ་བསྐྲུན་མ་ཐུབ་པའི་རྐྱེན་གྱིས་རེད། དེའི་སྐབས་སུ་ཕྱི་རྒྱལ་མི་སྣ་ཁ་ཤས་ཀྱིས་བོད་ཀྱི་སྐོར་བྲིས་པའི་དེབ་ཁ་ཤས་ཡོད་པ་དེ་དག་གི་བཀའ་དྲིན་ལ་བརྟེན་ནས་བོད་ཞེས་པ་ཞིག་ཡོད་པ་ཧ་གོ་བ་དང་གྲགས་ཐུབ་པ་ཞིག་བྱུང་བ་རེད། ད་ལྟའི་ཆར་ཚང་མར་མཐུན་རྐྱེན་ཅུང་བཟང་དུ་ཕྱིན་པའི་སྐབས་འདིར་བོད་ནང་དུ་ལས་ཀ་བྱེད་དགོས་བསམ་ཡང། སོ་སོའི་ཚེ་སྲོག་དང་མི་ཚེའི་མདུན་ལམ་ལ་དོ་ཕོགས་གཏོང་དགོས་པ་ཞིག་དང། ཕྱོགས་གཅིག་ནས་ཐག་རིང་པོ་སྙོབ་མི་ཐུབ་པའི་གོ་སྐབས་མེད་པ་རེད། འོན་ཀྱང་ཞོགས་དུང་སོགས་ཀྱིས་དཔེ་དེབ་བྲིས་པ་དེ་ཚོ་ལས་སླ་པོ་མ་རེད། སོ་སོའི་ཚེ་སྲོག་ལ་མ་འཛེམས་པ་དང། སོ་སོ་ཙམ་མ་ཟད་ནང་མི་ལའང་དཀའ་ངལ་འཕྲད་ཀྱི་ཡོད་པ་ཤེས་བཞིན་དུ་རྩོམ་ཡིག་འདི་འདྲ་ཞིག་བྲིས་པ་ལ་བསྔགས་བརྗོད་བྱེད་རྒྱུ་ཡིན་ཞེས་སོགས་གསུངས་སོང།
དེ་ནས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ཀྱིས་དཔེ་དེབ་དབུ་འབྱེད་གནང་ཚར་རྗེས། དཔེ་དེབ་དང་འབྲེལ་བའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་བྱས་ནས་བགྲོ་གླེང་བ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང། བོད་ཀྱི་དཔེ་མཛོད་ཁང་གི་ནཱ་ག་སངས་རྒྱས་བསྟན་དར། ནོར་གླིང་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག་བཅས་ཆེད་དུ་གདན་ཞུ་བྱས་ནས་གནམ་ས་གོ་འབྱེད་སྐོར་ལ་གསུང་བཤད་གནང་བ་མ་ཟད། ཚོགས་བཅར་བ་རྣམས་དང་ལྷན་དུ་དྲི་བ་དྲི་ལན་ཡང་བྱས་ཡོད་པ་རེད།།
{jcomments on}
