རྒྱ་ནག་གི་ཚོགས་པ་ཞིག་གི་ཚོགས་མིའི་དོགས་གཞིའི་འོག་ཨི་ཊ་ལི་ནས་མི་༣༣ འཇུ་བཟུང་།
ཨི་ཊ་ལི་ནས་མི་༣༣ རྒྱ་ནག་གི་ཁྲིམས་འགལ་གསང་བའི་ཚོགས་པ་ཞིག་གི་ཚོགས་མིའི་དོགས་གཞིའི་འོག་འཇུ་བཟུང་བྱས་འདུག་ཅིང་། ཁྲིམས་འགལ་ཚོགས་པ་དེས་སྨད་འཚོང་དང་། བཟི་སྨན། རྒྱན་འཛུགས་སོགས་ཀྱི་བྱ་བ་གཉེར་བཞིན་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༨ ཉིན་ཨི་ཊ་ལི་ནས་མི་༣༣ རྒྱ་ནག་གི་ཁྲིམས་འགལ་གསང་བའི་སྐྱིད་སྡུག་མ་ཕི་ཡ་ཟེར་བའི་ཚོགས་མི་ཡིན་པའི་དོགས་གཞི་དང་། ནག་ཉེས་གཞན་ཡོད་པ་བཅས་ཀྱི་སྐྱོན་འཛུགས་འོག་འཇུ་བཟུང་བྱས་ཡོད་འདུག་ཅིང་། གཞན་དོགས་ཡོད་མི་༢༡ ལ་བརྟག་དཔྱད་བྱེད་མུས་ཡིན་འདུག
ཁྲིམས་འགལ་ཀྱི་ཚོགས་པ་དེ་ནི་ཨི་ཊ་ལིའི་གྲོང་ཁྱེར་པཱི་ར་ཏོ་(Prato)ཞེས་པའི་ནང་རྟེན་གཞི་བྱས་ཡོད་ཅིང་། གྲོང་ཁྱེར་དེ་ནི་རས་ཆ་བཟོ་གྲྭའི་ལྟེ་བ་ཞིག་ཡིན་པ་དང་། དེ་ན་ཡོད་པའི་རས་ཆ་བཟོ་གྲྭ་མང་པོ་ཞིག་གི་བདག་པོ་རྒྱ་མི་ཡིན་འདུག ད་ལྟ་ཨི་ཊ་ལིའི་རྒྱལ་ས་རོམ་ལ་གནས་སྡོད་བྱེད་མཁན་རྒྱ་མི་ནཱེ་ཚང་ཀྲང་(Naizhong Zhang)ཟེར་བ་ཁྲིམས་འགལ་ཚོགས་པ་དེའི་འགོ་གཙོ་ཡིན་པའི་དོགས་གཞི་བྱེད་ཀྱི་ཡོད་འདུག་ཅིང་། ཁོས་རྒྱན་འཛུགས་དང་། སྨད་ཚོང་། བཟི་སྨན་བཅས་ཀྱི་བྱ་བ་གཉེར་ནས། དེའི་ཡོང་འབབ་ལ་བརྟེན་ནས་ཅ་དངོས་སྐྱེལ་འདྲེན་གྱི་ཚོང་ལས་ཁང་ཞིག་བཙུགས་ཏེ། རྒྱ་ནག་གི་ཚོང་ལས་ཁང་སྟོང་ཕྲག་མང་པོའི་ཅ་དངོས་ཡོ་རོབ་ཁུལ་དུ་དབོར་འདྲེན་གྱི་བྱ་བ་ཕལ་ཆེ་བ་ཁོའི་སྐྱེལ་འདྲེན་ཚོང་ལས་ཁང་དེ་བརྒྱུད་ནས་བྱེད་བཞིན་ཡོད་འདུག
ཁྲིམས་འགལ་གྱི་ཚོགས་པ་དེའི་ཚོགས་མི་ནི་ཨི་ཊ་ལིའི་རྒྱལ་ས་རོམ་དང་། གྲོང་ཁྱེར་མི་ལན། གྲོང་ཁྱེར་པ་དྷུ། ཧྥ་རན་སིའི་རྒྱལ་ས་པེ་རི་སི། སི་པན་གྱི་རྒྱལ་ས་མེ་ཌིར་ཌི། འཇར་མན་གྱི་གྲོང་ཁྱེར་ནཱོ་ཡེ་སི་བཅས་ཡོ་རོབ་ཁུལ་གྱི་ས་ཆ་མང་པོར་ཡོད་སྐོར་འདུག
ཨི་ཊ་ལིའི་ནང་སྲིད་བློན་ཆེན་མཱོ་ཁ་མིན་ནི་ཏིས་ཚོགས་སྡེ་དེའི་སྐོར་ལ་“ཁྲིམས་འགལ་གྱི་བྱ་སྤྱོད་ལས་བྱུང་བའི་དངུལ་མ་འཇོག་བྱས་ནས་བཙུགས་ཤིང་།བཙན་ཤེད་ཀྱི་ཐོག་ནས་སྐྱེལ་འདྲེན་གྱི་བྱ་བ་དབང་སྒྱུར་བྱེད་མཁན་གྱི་ཚོགས་སྡེ་ཉེན་ཁ་ཅན་ཞིག་རེད་འདུག”ཅེས་བརྗོད་ཡོད་པ་དང་། ཨི་ཊ་ལིའི་གྲོང་ཁྱེར་ཁག་ཅིག་ནང་ཚོང་ཟོག་སྐྱེལ་འདྲེན་གྱི་ས་ཚིགས་སུ་སྔོག་བཤེར་བྱེད་བཞིན་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།