ཟླ་༡༠ པའི་ཚེས་༡ ཉིན་ཚོགས་པ་༡༠༠ ལས་མང་བས་རྒྱ་ནག་ལ་འགོག་རྒོལ་ལས་འགུལ་སྤེལ་འཆར།

རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་བའི་དུས་དྲན་ཉིན་མོར། རྒྱལ་སྤྱིའི་ལས་འགུལ་བའི་ཚོགས་པ་༡༠༠ ལས་མང་བས། རྒྱ་ནག་དམར་ཤོག་ཚོགས་པར་འགོག་རྒོལ་གྱི་ལས་འགུལ་ཆེན་མོ་སྤེལ་འཆར་ཡོད་པ་དང་། ཉིན་དེར་བོད་དོན་ཚོགས་པ་ཁག་གིས་དམིགས་བཀར་གྱིས། རྒྱལ་སྤྱིའི་གཞུང་ཚོས་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་དང་ད་ལྟ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱེད་དགོས་པའི་རེ་སྐུལ་ཞུ་འཆར་འདུག 

ཟླ་༩ པའི་ཚེས་༩ ཉིན་བཞུགས་སྒར་རྡ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། སྐབས་དེར་ཁོང་རྣམ་པས་ཟླ་༡༠ པའི་ཚེས་༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པའི་དུས་དྲན་དང་བསྟུན་ནས། རྒྱལ་སྤྱིའི་ནང་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན། དེ་བཞིན་རྒྱ་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཚོགས་པ་སོགས་ལས་གྲུབ་པའི་ལས་འགུལ་བའི་ཚོགས་པ་༡༠༠ ལས་མང་བས། གླིང་ཆེན་ལྔ་དང་གྲོང་ཁྱེར་མི་འདྲ་བ་ཉུང་མཐར་༥༠ ཡི་ནང་རྒྱལ་སྤྱིའི་གཞུང་ཚོས་རྒྱ་ནག་གི་གནོན་ཤུགས་དང་ཤུགས་རྐྱེན་འགོག་རྒོལ་བྱེད་པའི་འབོད་སྐུལ་གྱི་ལས་འགུལ་ཆེན་མོ་ཞིག་སྤེལ་འཆར་འདུག་པ་དང་། ཉིན་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གང་མང་མཉམ་ཞུགས་བྱེད་པའི་རེ་སྐུལ་ཞུས་སོང་། 

དེ་ཡང་གསར་འགོད་བསྒྲགས་གཏམ་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་དུ་དམ་དྲག དྲག་གནོན་དང་བཙོན་འཇུག་བཀག་ཉར། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་ཁར། ཐའེ་ཝན་ལ་དྲག་རྒོལ་གྱི་སྡིགས་སྐུལ་སོགས་བྱེད་ཀྱི་ཡོད་ཁར། རྒྱ་གར་དང་འཁྲུག་སློང་བྱས་ནས་རྒྱལ་སྤྱིའི་བརྟན་ལྷིང་ལ་ཉེན་ཚབས་བཟོས་ཡོད་པ། རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་དང་དྲིལ་བསྒྲགས་ལས་འགུལ་དེ་རྒྱ་ནག་གི་ས་མཚམས་ལས་བརྒལ་ནས། རྒྱལ་སྤྱིའི་གཞུང་དང་ཚོང་ལས་ཁང་། ལྟེ་གནས་ཁང་སོགས་ལ་གནོན་ཤུགས་དང་སྡིགས་སྐུལ་བྱེད་ཀྱི་ཡོད་ཁར། དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་རྣམས་མར་མནན་གྱི་ཡོད་པས། རྒྱལ་སྤྱིའི་ལས་འགུལ་ཉིན་མོ་དེར་ཚོགས་པ་༡༠༠ ལས་མང་བས། རྒྱལ་སྤྱིའི་གཞུང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་རིང་ལུགས་ལ་ཁ་གཏད་གཅོག་ཆེད་དུ། ཐུན་མོང་གི་ལས་འགུལ་སྤེལ་བ་དང་། རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་བྱེད་རྒྱུ་མཚམས་འཇོག་བྱེད་པ། རྒྱ་ནག་ནང་འགྱུར་བ་གཏོང་བའི་དགོས་འདུན་འོག་དཔལ་འབྱོར་གྱི་ཉེས་ཆད་དང་ཆབ་སྲིད་ཀྱི་གནོན་ཤུགས་ཆེ་རུ་གཏོང་བ་བྱེད་དགོས་པ་དང་། བོད་དོན་ཚོགས་པ་ཁག་གིས་དམིགས་བཀར་གྱིས། རྒྱལ་སྤྱིའི་གཞུང་ཚོས་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་དང་ད་ལྟ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པ་ངོས་འཛིན་བྱེད་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་སྐོར་འཁོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།