རྒྱ་གར་གྱིས་ཞིང་ལས་དང་འབྲེལ་བའི་ཁྲིམས་གསར་པ་གསུམ་རེ་ཞིག་ལག་བསྟར་བྱེད་རྒྱུ་མིན་པ། 

རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཚོགས་ཆུང་ཞིག་བཙུགས་ནས་ཞིང་པའི་དཀའ་སྡུག་ལ་ཞིབ་འཇུག་བྱེད་རྒྱུ་དང་། དེའི་བར་དུ་ཞིང་ལས་ཐོན་སྐྱེད་དང་འབྲེལ་བའི་ཁྲིམས་གསར་པ་གསུམ་ལག་བསྟར་བྱེད་རྒྱུ་མིན་ཚུལ་བརྗོད་འདུག

ཕྱི་ཟླ་༡ ཚེས་༡༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་འདས་པའི་ཟླ་ངོ་གཅིག་ལྷག་གི་རིང་ལ་ཞིང་པ་ཚོའི་ངོ་རྒོལ་ཤུགས་ཆེན་བྱེད་ཡུལ་དུ་གྱུར་བའི་ཁྲིམས་གསར་པ་གསུམ་པོ་རེ་ཞིག་ལག་བསྟར་བྱེད་རྒྱུ་མིན་ཚུལ་བསྒྲགས་འདུག 

དེ་རིང་རེས་གཟའ་མིག་དམར་ཉིན་འཚོགས་པའི་ཉན་ཞིབ་ཐོག ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་བ་ཤཱ་ར-ཨར་ཝན་(Sharad Arvind Bobde) གྱིས་ཁྲིམས་ཁང་ནས་ཚོགས་ཆུང་ཞིག་བཙུགས་ཏེ་ཞིང་པ་རྣམས་ཀྱི་དཀའ་ངལ་དང་བསམ་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་དང་། དེའི་བར་དུ་ཞིང་ལས་ཐོན་སྐྱེད་དང་འབྲེལ་བའི་ཁྲིམས་གསར་པ་གསུམ་ལག་བསྟར་བྱེད་རྒྱུ་མིན་ཚུལ་གསུངས་འདུག

མོ་དྷིའི་སྲིད་གཞུང་ནས་ལོ་སྔོན་མའི་ཕྱི་ཟླ་༩ པའི་སྨད་དུ་གཏན་ལ་ཕབ་པའི་ཞིང་ལས་ཐོན་སྐྱེད་ཀྱི་ཁྲིམས་གསར་པ་དེར། རྒྱ་གར་རྒྱལ་ཡོངས་ཀྱི་ཞིང་པ་ཚོའི་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་བྱུང་སྟེ་འདས་པའི་ཟླ་བ་གཅིག་ལྷག་གི་རིང་ལ་རྒྱལ་ས་ལྡི་ལིའི་མཐའ་འཁོར་དུ་སྒར་བརྒྱབས་ནས་ངོ་རྒོལ་བྱས་དང་བྱེད་མུས་སུ་ཡོད་པ་དང་། ཁོ་ཚོས་གཞུང་ནས་ཁྲིམས་གསར་པ་དེ་ཕྱིར་འཐེན་མ་བྱས་བར་དུ་ཕྱིར་ནང་ལ་ལོག་རྒྱུ་མིན་པའི་དམ་བཅའ་བཞག་ཡོད། ཁྲིམས་གསར་པ་དེའི་ནང་། ཞིང་པ་ཚོས་སོ་སོའི་ཐོན་སྐྱེད་རྣམས་དེ་སྔོན་ལྟར་གཞུང་གི་བཀོད་སྒྲིག་བརྒྱུད་མི་དགོས་པར་ཐད་ཀར་སྒེར་གྱི་ཚོང་པ་དང་། བཟོ་ཚོང་ཁང་རྣམས་ལ་འཚོང་ཆོག་པ་བཟོས་ཡོད་པ་དང་། གཞུང་གིས་དེའི་དམིགས་ཡུལ་ནི་རྒྱ་གར་གྱི་ཞིང་ལས་ཐོན་སྐྱེད་ཀྱི་ལམ་ལུགས་དེང་རབས་ཅན་དུ་བསྒྱུར་ཆེད་ཡིན་སྐོར་བཤད་ཀྱི་ཡོད། ཡིན་ན་ཡང་། ཞིང་པ་རྣམས་ཀྱིས་གལ་སྲིད་ས་ཞིང་ཐོན་སྐྱེད་རྣམས་ཐད་ཀར་སྒེར་ལ་འཚོང་ཆོག་པ་བཟོས་པ་ཡིན་ན། སྒེར་གྱི་བཟོ་ཚོང་ཁང་ཆེན་པོ་རྣམས་ཀྱིས་ས་ཞིང་ཐོན་སྐྱེད་ཀྱི་ཚོང་ལས་ཡོངས་སུ་དབང་སྒྱུར་བྱས་ཏེ་རིན་གོང་དམའ་བོ་སྟེར་ངེས་པ་དང་། དེ་ལྟར་བྱུང་བ་ཡིན་ན་ས་ཞིང་ཉུང་ངུ་ལྡན་པའི་ཞིང་པ་རྣམས་ཀྱི་ཚོང་ལས་དང་འཚོ་རྟེན་གཏན་དུ་འཆོར་ངེས་ཡིན་ཚུལ་བརྗོད་ཀྱི་ཡོད། 

མོ་དྷིའི་སྲིད་གཞུང་དང་ཞིང་པའི་འགོ་ཁྲིད་གཉིས་ཀྱི་བར་དུ་ད་བར་གྲོས་མོལ་ཐེངས་བརྒྱད་བྱུང་ན་ཡང་། གཉིས་མོས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་མེད་པས། བདུན་འདིའི་རེས་གཟའ་པ་སངས་ཉིན་བསྐྱར་དུ་གྲོས་མོལ་བྱེད་གཏན་འཁེལ་ཡོད་འདུག 

ཞིང་པའི་ངོ་རྒོལ་གྱི་འགོ་ཁྲིད་གཅིག་གིས་“ང་ཚོའི་དགོས་འདུན་གཅིག་པུ་དེ་ནི་ཁྲིམས་ཕྱིར་འཐེན་རྒྱུ་དེ་ཡིན། ཁྲིམས་ཕྱིར་འཐེན་མ་བྱས་བར་དུ་ང་ཚོས་མུ་མཐུད་ངོ་རྒོལ་བྱེད་རྒྱུ་ཡིན་”ཞེས་བརྗོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།