ཕྱི་དྲིལ་བཀའ་བློན་གྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་སྒྲིལ་བ།
ཟླ་འདིའི་ཚེས་༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་མ་ཧཱ་ཇ་ན་ཁྲིམས་རིག་མཐོ་སློབ་ (SBRR Mahajana Law College) དང་། བིདྱ་ཝར་ད་ཀ་ཁྲིམས་རིག་མཐོ་སློབ་ (Vidyavardhaka Law College) ཏུ་གསུང་བཤད་དང་། དེ་རྗེས་མཻ་སོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་ལྷན་ཐབས་བྱུས་ཚོགས་འདུ་བསྐོང་ཚོགས་གནང་གྲུབ་མཚམས་མཻ་སོར་བོད་ཀྱི་སྡོད་ཁང་དུ་འཚམས་གཟིགས་སུ་ཕེབས་འདུག་ལ། ཉིན་དེ་སྔ་དྲོ་མ་ཧཱ་ཇ་ན་ཁྲིམས་རིག་མཐོ་སློབ་ཏུ་གསུང་བཤད་གནང་སྐབས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་ལོ་ ༡༩༥༠ ཙམ་ལ་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་ཚུལ་དང་། བོད་ནང་གི་ཛ་དྲག་གནས་སྟངས། ད་ལྟ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་པོས་སློབ་འཇུག་བྱེད་བཞིན་པ་མ་ཟད། བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པའི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་ཤར་སྐྱོད་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་ཡོད་འདུག

ཉིན་རྒྱབ་ཕྱི་དྲིལ་བཀའ་བློན་མཆོག་གིས་བིདྱ་ཝར་ད་ཀ་ཁྲིམས་རིག་མཐོ་སློབ་ཏུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་ཁོང་མོས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གཞི་རྩའི་ཐོབ་ཐང་ཁག་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་སྐོར་དང་། ༸གོང་ས་མཆོག་གི་དགོངས་གཞི་ལས་བྱུང་བའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་གནང་འདུག། ཚོགས་འདུའི་ཐོག་བིདྱ་ཝར་ད་ཀ་ཁྲིམས་རིག་མཐོ་སློབ་ཀྱི་ཚོགས་གཙོ་གུན་ད་པ་གྷ་ཧུ་ད་(Gundappa Gowda)ལགས་ཀྱིས་གཙོས་པའི་མཐོ་སློབ་ཀྱི་གནད་ཡོད་མི་སྣ་དང་། དགེ་ལས་སློབ་ཕྲུག་༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

གསུང་བཤད་ལས་རིམ་གྲུབ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་ནས་མཻ་སོར་ཧིན་བོད་མཛའ་འབྲེལ་ཚོགས་པ་ལྷན་བོད་དོན་ཞུ་གཏུག་ཐབས་བྱུས་བསྐོང་ཚོགས་གནང་ཡོད་པ་དང་། དེ་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ས་གནས་འབྲེལ་མཐུད་པ་སྐུ་ཞབས་ཇེ་པི་ཨུར་སི་( J.P. Urs)ལགས་དང་མཇལ་མོལ་གནང་གྲུབ་མཚམས་མཻ་སོར་བོད་ཀྱིས་སྡོད་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད།
ཟླ་འདིའི་ཚེས་༢༡ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཧིནྡུའི་བླ་ཆེན་ཇ་གཊ་གུ་རུ་ཤྲི་ཤིབ་ར་ཐི་དི་ཤི་ཀེན་དྲ་མཧཱ་སྭ་མི་ (Jagadguru Sri Shivarathri Deshikendra Mahaswamiji) མཆོག་དང་། ཇ་གཏ་གུ་རུ་ཤྲི་ཝཱི་ར་སིམ་ཧ་ས་ན་མ་ཧཱ་སམ་ཐ་ན་དགོན་པའི་ཤྲི་རཱ་ཇེན་དྲ་སྭ་མི་ (Rajendra Swami Ji) མཆོག མ་ཧཱ་བིདྱ་པི་ཊ་ཚོགས་པའི་ཚོགས་གཙོ་མཆོག་ལ་འཚམས་འདྲིའི་མཇལ་བཅར་ཞུས་པའི་སྐབས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་ཉིན་གྲངས་གསུམ་རིང་བྷེང་ལོར་དང་མཻ་སོར་ཁུལ་གྱི་ལས་དོན་ཁག་དང་བོད་དོན་སྐོར་སྙན་སེང་ཞུས་རྗེས་སྭ་བ་མི་ཇི་མཆོག་གིས་ཁོང་གི་ཤེས་ཡོན་བསྟི་གནས་ཁང་དུ་མ་འོངས་པར་ཡང་བོད་དོན་གོ་རྟོགས་གསུང་བཤད་གནང་བར་མགྲོན་འབོད་གནང་ཡོད་འདུག
གཞན་ཡང་ཉིན་དེ་བཀའ་བློན་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་སུ་མ་ལ་ཊ་ཨམ་བྷ་རི་ཤི་(Sumalata Ambarish)ལགས་དང་མཇལ་འཕྲད་ཀྱིས་བོད་དོན་གོ་རྟོགས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་ཐད་གྲོས་མོོལ་གནང་སྟེ་ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་མཇུག་སྒྲིལ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།