རྒྱ་དཀར་ནག་བར་གྱི་ཚོང་འབྲེལ་ཉམས་རྒུད་དུ་འགྲོ་བཞིན་འདུག

ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་ཕྱེད་རིང་རྒྱ་དཀར་ནག་གཉིས་ཀྱི་བར་ཉོ་ཚོང་ཉམས་རྒུད་ཕྱིན་ཡོད་ཀྱང་རྒྱ་ནག་དང་བྱང་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་བར་ཉོ་ཚོང་འཕེལ་རྒྱས་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

འདས་པའི་ལོ་ངོ་གཉིས་རིང་བསྟུད་མར་རྒྱ་དཀར་ནག་གཉིས་ཀྱི་བར་ཚོང་འབྲེལ་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༢ ལོར་ཕྱོགས་གཉིས་བར་ཉོ་ཚོང་གི་ལོ་རྒྱུས་ཁྲོད་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་ཀྱང་། འདས་པའི་ཟླ་བ་དྲུག་གི་རིང་རྒྱ་དཀར་ནག་གཉིས་ཀྱི་དངོས་ཟོག་ཉོ་ཚོང་ལ་ཉམས་རྒུད་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་༡༣ ཉིན་རྒྱ་ནག་གི་ཉོ་ཚོང་ལས་ཁུངས་ཀྱིས་གྲངས་ཐོ་ཞིག་ཕྱིར་བསྒྲགས་བྱས་པར་ལྟར་ན། འདས་པའི་ཟླ་བ་དྲུག་གི་རིང་རྒྱ་ནག་གིས་རྒྱ་གར་ལ་དངོས་ཟོག་ཕྱིར་འདྲེན་གྱི་བརྒྱ་ཆ་༠.༩% འམ། ཡང་ན། ཨ་སྒོར་ཐེ་འབུམ་$༦༩.༣༨ ཆག་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱ་གར་ནས་དངོས་ཟོག་ནང་འདྲེན་གྱི་བརྒྱ་ཆ་༠.༦% འམ། ཨ་སྒོར་ཐེ་འབུམ་$༩.༤༩ ་མར་ཆག་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་(The Press Trust of India) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༢ ལོར་རྒྱ་དཀར་ནག་གཉིས་ཀྱི་བར་ཨ་སྒོར་ཐེ་འབུམ་$༡༣༥.༩༨ ཀྱི་དངོས་ཟོག་ཉོ་ཚོང་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༡ ལོ་དངོས་ཟོག་ཉོ་ཚོང་གི་གྲངས་འབོར་དང་བསྡུར་ན་ཉོ་ཚོང་གི་བརྒྱ་ཆ་༨.༤% འཕར་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ལོར་རྒྱ་དཀར་ནག་བར་ཉོ་ཚོང་གི་ལོ་རྒྱུས་ཁྲོད་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་འདུག
གཞན་ཡང་རྒྱ་ནག་གི་དངོས་ཟོག་ཕྱིར་འདྲེན་བྱེད་ས་གཙོ་བོ་ཨ་རི་ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གིས་ཨ་རི་ལ་དངོས་ཟོག་གཏོང་རྒྱུ་ཉུང་དུ་འགྲོ་བཞིན་ཡོད་འདུག  དབྱིན་ཇིའི་རོའུ་ཊར་(Reauters) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་༡ ནས་༦ ་པའི་བར་རྒྱ་ནག་གིས་ཨ་རི་ལ་དངོས་ཟོག་ཕྱིར་འདྲེན་དང་ལོ་འདིའི་ཕྱི་ཟླ་༡ ནས་༦ ་པའི་བར་རྒྱ་ནག་གིས་ཨ་རི་ལ་དངོས་ཟོག་ཕྱིར་འདྲེན་གྱི་གྲངས་འབོར་བར་བསྡུར་ན། ལོ་འདིའི་དངོས་ཟོག་ཕྱིར་འདྲེན་གྱི་བརྒྱ་ཆ་༡༢% མར་ཆག་ཡོད་པ་དང་། རྒྱ་ནག་དང་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་མང་དག་ཅིག་ཡོད་པའི་ནང་ནས་ཆག་ཚད་མཐོ་ཤོས་སུ་གྱུར་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་ཨུ་རུ་སུ་ལ་དངོས་ཟོག་ཕྱིར་འདྲེན་གྱི་བརྒྱ་ཆ་འཕར་ཡོད་པ་མ་ཟད། ལོ་འདིའི་ཕྱི་ཟླ་༡ ནས་༦ ་པའི་བར་རྒྱ་ནག་གི་བྱང་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཚོ་ལ་དངོས་ཟོག་ཕྱིར་འདྲེན་གྱི་བརྒྱ་ཆ་༩༢% ་མང་དུ་ཕྱིན་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གིས་གོས་སློག་དང་ཁ་པར་གྱི་རིགས་ཕྱིར་འདྲེན་བྱེད་རྒྱུ་ཉུང་དུ་ཕྱིན་ཡང་། མོ་ཊ་དང་མོ་ཊའི་ཆ་ཤས་ཀྱི་དངོས་ཟོག་རིགས་ཕྱིར་འདྲེན་བྱེད་རྒྱུ་མང་དུ་འགྲོ་བཞིན་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།