ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འདས་གྲོངས་དང་པུ་ཊིན་གྱི་ལྐོག་བསོད།

ཨུ་རུ་སུའི་ནང་འདས་པའི་ལོ་ཤས་རིང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་ལྐོག་བསད་བཏང་ཡོད་འདུག་པ་དང་། མང་པོ་ཞིག་བྲོལ་བྱོལ་ལ་འགྲོ་དགོས་བྱུང་ཡོད་ཅིང་། མང་པོ་ཞིག་བཙོན་ནང་ཚུད་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་ནས་འདས་གྲོངས་སུ་གྱུར་ཡོད་འདུག 

ཕྱི་ཚེས་༡༧ ཉིན་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཚེས་༡༧ ཉིན་ཨུ་རུ་སུའི་བཙོན་ཁང་ཞིག་གི་ནང་དུ་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Alexei Navalny)ཨ་ལེག་སི་ན་ཝན་ཟེར་བ་ཁོང་གནས་ཚུལ་ཁ་གསལ་མེད་པའི་གནས་སྟངས་ཤིག་གི་འོག་ནས་འདས་གྲོངས་སོང་གྱུར་ཡོད་འདུག་པ་དང་། ཁོང་ནི་ད་ལྟའི་སྲིད་འཛིན་པུ་ཊིན་གྱི་བྱ་སྤྱོད་ལ་སྐྱོན་འཛུགས་དང་། གཞུང་དངུལ་ལྐོག་ཟ་རུལ་སུངས་བྱས་པར་སྐྱོན་བརྗོད། དེ་བཞིན་ཨུ་རུ་སུའི་ནང་དྲང་བདེན་དང་འདྲ་མཉམ་ལྡན་པའི་ཐོག་ནས་འོས་བསྡུ་བྱེད་དགོས་པ་སོགས་ཀྱི་གནད་དོན་དུ་མའི་ཐད་ལ་འཐབ་རྩོད་གནང་མཁན་སྲིད་དོན་པ་གྲགས་ཅན་ཞིག་ཡིན་འདུག ཁོང་ནི་སྲིད་དོན་པ་གཅིག་པུ་མ་ཡིན་པར་ཁྲིམས་རྩོད་པ་དང། ལས་འགུལ་བ། དྲ་ཐོག་ཏུ་བརྙན་སོགས་བཟོས་ནས་ཨུ་རུ་སུའི་སྤྱི་ཚོགས་ཀྱི་གནད་དོན་དུ་མའི་ཐོག་དཔྱད་བརྗོད་སོགས་སྤེལ་ནས་ཨུ་རུ་སུའི་ནང་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་འདུག ད་ལྟའི་ཆར་ཨུ་རུ་སུའི་ནང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མང་པོ་ཡོད་འདུག་ཀྱང་། མི་མང་ཁྲོད་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་པའི་འགོ་ཁྲིད་ཁོང་ལས་གཞན་དཀོན་པོ་ཡིན་འདུག ཁོང་གི་མིའི་རང་བཞིན་ནི་མི་གཤིས་བཟང་པོ་དང་། འགོ་ཁྲིད་ཀྱི་ནུས་པ་ལྡན་པ་། སྙིང་སྟོབས་ཡོད་པ། མི་མང་ཁྲོད་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་པའི་སྲིད་དོན་པ་ཞིག་ཡིན་འདུག དཔེར་ན། ཕྱི་ལོ་༢༠༡༧ ལོར་ཁོང་གིས་ཨུ་རུ་སུའི་ནང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཏེ་མི་མང་ས་ཡ་མང་པོ་འདུ་འཛོམས་བྱས་ནས་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག་པ་དང་། སྐབས་དེ་དུས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་གཙོ་བོ་དམིགས་ནས་ངོ་རྒོལ་བྱས་ཡོད་འདུག རྒྱུ་མཚན་ནི་སྲིད་འཛིན་པུ་ཊིན་གྱིས་གཞུང་དངུལ་ལྐོག་ཟ་ཕོན་ཆེན་བྱས་ནས་སྒེར་གྱི་ཁང་པ་བརྒྱབས་ཡོད་པ་སོགས་ཀྱི་བརྙན་བཟོས་ཏེ་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པར་བརྟེན། ཕྱི་ལོ་༢༠༡༧ ལོའི་ཟླ་བ་༣ པའི་ནང་ཁོང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་བཙོན་ལ་བཅུག་ཡོད་འདུག

དེ་རྗེས་ཁོང་བཙོན་ཁང་ནས་གློད་རྗེས་མི་ཞིག་གིས་ཁོང་ལ་རྫས་གཏོར་ནས་ཁོང་གི་མིག་ཡ་གཅིག་ལོང་བ་འགྱུར་གྲབས་བྱས་ཡོད་ཀྱང་། དུས་ཐོག་སྨན་ཁང་དུ་འགྲོ་ཐུབ་ཡོད་པར་བརྟེན་། ལོང་བ་གྱུར་ཡོད་མི་འདུག ཕྱི་ལོ་༢༠༢༠ ནང་(Siberia)ཟེར་བའི་ཨུ་རུ་སུའི་ས་ཆ་ཞིག་ནས་ལོག་ཡོང་དུས་གནམ་གྲུའི་ནང་ཁོང་ལ་རྩ་དང་འབྲེལ་བའི་དུག་ཕོག་ནས་ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བྱུང་ཡོད་ཀྱང་། ཕྱིས་སུ་ཁོང་འཇར་མན་རྒྱལ་ཁབ་ནང་སྨན་བཅོས་བྱས་པར་བརྟེན། ཁོང་དྲག་སྐྱེད་བྱུང་ཡོད་འདུག དེ་རྗེས་ཁོང་གིས་ཁོང་ནི་ཨུ་རུ་སུའི་སྲིད་དོན་པ་ཞིག་ཡིན་པས། ཨུ་རུ་སུའི་ནང་ཕྱིན་ནས་ལས་དོན་བྱེད་རྒྱུ་ལས་ཕྱི་ཕྱོགས་ལ་འདུག་འདོད་མེད་པ་སོགས་བརྗོད་འདུག ཕྱིས་སུ་ཨུ་རུ་སུའི་ནང་ལོག་སྐབས་ཨུ་རུ་སུའི་གཞུང་གིས་ཁོང་དེ་མ་ཐག་བཙོན་ལ་བཅུག་ནས། ལོ་སྔོན་མར་ཁོང་ལ་མི་ལོ་༡༩ རིང་གི་བཙོན་འཇུག་ཁྲིམས་བཅད་ཕོག་ཡོད་འདུག ཉེ་ཆར་ཁོང་ཨུ་རུ་སུའི་བཙོན་ཁང་ཞིག་ནང་ཁ་གསལ་མེད་པའི་གནས་སྟངས་ཤིག་གི་འོག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་གི་བཟའ་ཟླ་ཡིས་བརྗོད་དོན་ལ་ཁོང་མོའི་ཁྱོ་ག་ནི་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ལྐོག་གསོད་གཏང་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་ཐོག་སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་ལ་(Alexei Navalny)ཁོང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ལྐོད་བསད་བཏང་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།