རྒྱལ་ཁབ་ཀྱི་བདག་དབང་ལ་ཐུག་ཡོད།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༦)
རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་ཡོངས་རྫོགས་སྟངས་འཛིན་བྱས་པ་ནས་བཟུང་། བོད་ལ་བཙན་འཛུལ་བྱེད་འགོ་བཙུགས་ཤིང་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས། དེ་ནས་བཟུང་བོད་ས་སྟོད་བར་གསུམ་མནར་གཅོད་དང་གདུག་རྩུབ་སྣ་ཚོགས་བེད་སྤྱོད་བཏང་ཡོད། ཉེ་བའི་ཆར་ཁམས་སྡེ་དགེ་ས་ཁུལ་དུ་འབྲི་ཆུ་བཀག་སྐྱིལ་གྱིས་ཆུ་མཛོད་གསར་རྒྱག་བྱ་རྒྱུ་ཡིན་པ་དང་། དེའི་ཉེ་འཁོར་གྱི་དགོན་སྡེ་དྲུག་དང་ཡུལ་མི་ཁྲི་ཚོ་ཁ་ཤས་བཙན་གྱིས་གནས་སྤོས་བྱེད་དགོས་པའི་བཀའ་བཏང་། ས་གནས་མི་མང་གིས་ཞི་བའི་ཐོག་ནས་ལས་འཆར་དེ་ལག་བསྟར་མི་བྱེད་པའི་འབོད་སྐུལ་ཞུས་པར་བརྟེན། རྒྱ་གཞུང་གིས་མི་མང་སྟོང་ཕྲག་ཁ་ཤས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག འདི་ནི་བོད་ནང་དུ་བྱུང་བའི་གནས་ཚུལ་གསར་ཤོས་དེ་ཡིན་པས། རྒྱལ་སྤྱིའི་ཁྱོན་དུ་ཚ་ཚ་འུར་འུར་གྱིས་ཁྱབ་བཞིན་འདུག་ལ། འཛམ་གླིང་གི་ས་ཕྱོགས་གང་སར་གནས་འཁོད་བོད་མི་རྣམས་ཀྱིས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་འདུག
བོད་ས་སྟོད་སྨད་བར་གསུམ་དུ་གནས་ཚུལ་འདི་ལྟ་བུ་མང་དག་ཅིག་བྱུང་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་གནས་ཚུལ་འདི་ལྟ་བུ་འབྱུང་ངེས་ཡིན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། བོད་མི་རྣམས་ལ་རང་ངོས་ནས་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ས་གནས་གཞན་དུ་བཙན་དབང་གིས་གནས་སྤོས་བྱེད་དུ་འཇུག་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་དང་རིག་དངོས་མང་པོ་ཞིག་འཕྲོ་བརླག་བཏང་བ་སོགས་ལ་བོད་ཕྱི་ནང་གཉིས་ནས་ཞུ་འབོད་དང་། ངོ་རྒོལ་སྐད་འབོད་སོགས་ག་འདྲ་བྱས་ཀྱང་དེ་ལ་རྒྱ་གཞུང་གིས་ཉན་འཇོག་གཏན་ནས་བྱེད་མི་སྲིད་པ་རེད། གནས་སྟངས་འདི་ལྟ་བུ་མ་འོངས་པར་གཏན་འགོག་བྱེད་པར་ཐབས་ལམ་གཅིག་ཡོད་པ་ནི། བོད་རྒྱལ་ཁབ་སླར་གསོ་དགོས་པ་དེ་རེད། དེ་མ་བྱུང་བར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱས་པའི་དབང་དུ་བཏང་ཡང་། གནད་དོན་འདི་དག་དུས་ནམ་ཡང་ཐག་གཅོད་མི་ཐུབ་པས། བོད་རང་བཙན་སླར་གསོ་ཡོང་ཐབས་སུ་ཁ་ཕྱོགས་དགོས།
དབུ་མའི་ལམ་གྱི་སྲིད་བྱུས་ལ་གྲུབ་འབྲས་འབྱུང་རྒྱུ་མིན་པ་ཕྱི་ལོ་༡༩༧༩ ནས་ད་བར་མི་ལོ་༤༥ ལ་ཙམ་གྱི་རིང་རྒྱ་གཞུང་གི་བྱེད་སྟངས་ལ་བརྟེན་ནས་ཤེས་ཐུབ་པ་མ་ཟད། ཧོང་ཀོང་དུ་རང་དབང་མང་གཙོ་ལོངས་སུ་སྤྱོད་བཞིན་པར་༡༩༩༧ ལོར་རྒྱ་དམར་གཞུང་གི་མངའ་ཁོངས་སུ་ཕྱིན་ཞིང་། རྒྱ་གཞུང་གི་རྩ་ཁྲིམས་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཁྲིམས་ལུགས་སུ་གཏན་འབེབས་བྱས་ཀྱང་། མི་ལོ་༢༧ ཙམ་ཕྱིན་པའི་ད་ལྟའི་ཆར་ཧོང་ཀོང་དུ་རྒྱ་དམར་གཞུང་གིས་བཙན་གནོན་འབའ་ཞིག་ལས་རང་དབང་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་མེད་པར་གྱུར་ཟིན། ད་དུང་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་ཕྱི་ལོ་༡༩༥༡ ལོར་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་གནོན་དང་རྒྱ་གཞུང་གི་འདོད་མོས་བཞིན་བཞག་ཀྱང་། རྒྱ་གཞུང་གིས་ལག་བསྟར་བྱས་མེད་པ་བཞིན་ད་ལྟའི་ཆར་ཡང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཐག་གཅོད་བྱས་ཀྱང་ལག་བསྟར་བྱེད་ངེས་ཡིན་པའི་ཁ་ཚོན་སུས་ཀྱང་གཅོད་མི་ཐུབ་པ་མ་ཟད། ཡིད་ཆེས་དེ་བས་ཀྱང་བྱེད་མི་ཐུབ།
བཙན་བྱོལ་ནང་བོད་རང་བཙན་དུས་ནམ་ཡང་ཡོང་མི་སྲིད་ཅེས་ཀླད་པ་བཀྲུ་བའི་ལས་འགུལ་མང་དག་ཅིག་སྤེལ་ནས་ད་ལྟའི་ཆར་མི་མང་གི་སེམས་ཤུགས་ཧ་ཅང་ཉམས་ཆག་ཏུ་ཕྱིན་ཡོད། བཙན་བྱོལ་ནང་མ་འོངས་པར་མི་མང་གི་སེམས་ཤུགས་དང་ནུས་པ་སླར་གསོའི་ལས་འགུལ་སྤེལ་རྒྱུ་དེ་ཨང་དང་པོར་འཛིན་དགོས། དབུ་མའི་ལམ་གྱི་ལས་འགུལ་བརྒྱུད་བོད་ནང་དུ་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་ཙམ་རྩལ་འདོན་བྱེད་པ་ནི། ནད་པ་ཞིག་གི་ནད་རྟགས་ཁོ་ནར་སྨན་བཅོས་བྱེད་ཐབས་ཙམ་ལས། ན་ཚ་རྩ་བ་ནས་སྨན་བཅོས་ཐུབ་པའི་ཐབས་ཤེས་ཤིག་གཏན་ནས་མིན། ད་དུང་ཕྱོགས་གཅིག་ནས་བཤད་ན་གོང་གསལ་དེ་དག་ནི་རྒྱལ་ཁབ་སོ་སོའི་ནང་སྲིད་གནད་དོན་ཙམ་ཡིན་པས། མ་འོངས་པར་བོད་རང་བཙན་སླར་གསོ་བྱ་རྒྱུ་ཁོ་ན་རྩ་དོན་དུ་བཟུང་ན་མི་མང་གི་སེམས་ཤུགས་སླར་གསོ་བྱེད་ཐུབ་པའི་ནུས་པ་ཡོད་ལ། རྒྱལ་སྤྱིའི་ཁ་ཕྱོཌ་ཀྱི་ཐོག་ནས་བཤད་ཀྱང་བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་ངེས་རེད།
མདོར་ན་བོད་ནང་གནས་ཚུལ་ག་འདྲ་བྱུང་ཡང་། དེའི་ཆེད་བོད་མི་ཡོངས་ཀྱིས་ལས་འགུལ་སྤེལ་དགོས་པ་ལས། འབྲེལ་ཡོད་རེ་ཟུང་གིས་སྣེ་ཁྲིད་བྱེད་དགོས་བྱུང་བའམ། བོད་ཀྱི་ས་གནས་གང་རུང་གི་དཀའ་ངལ་དེ་བོད་སྤྱིའི་དཀའ་ངལ་ཏུ་བརྩི་མ་ཐུབ་པར། ས་གནས་དེའི་འབྲེལ་ཡོད་ཁོ་ནའི་འགན་ཡིན་པའི་ལྟ་ཚུལ་རྗོད་མཁན་ནི། ཆབ་སྲིད་ཐོག་ནས་མིག་རྒྱང་ཐུང་ཞིང་ཉམས་མྱོང་ཞན་པའི་མངོན་རྟགས་ཉག་གཅིག་ཡིན། གལ་སྲིད་ལུང་ཚན་སོ་སོའི་འགན་ཁུར་དགོས་ཟེར་ན་གནད་དོན་ཆུང་དུ་བཏང་བ་ཙམ་ཡིན། བོད་མིའི་སྒྲིག་འཛུགས་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྙམ་པའི་ང་རྒྱལ་སྐྱེ་མི་འོས་པར། བོད་ནང་གི་ད་ལྟའི་གནས་སྟངས་དང་། བཙན་བྱོལ་བོད་མིའི་འཆམ་མཐུན་གྱི་ཁོར་ཡུག་གང་ཐད་ནས་བསམ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་རིགས་ཀྱི་སྣེ་ཁྲིད་དགོས། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ནི་འཐབ་རྩོད་བྱེད་མཁན་ལས་འགུལ་བའི་སྒྲིག་འཛུགས་ཤིག་ཡིན་པ་ལས་རང་བཙན་རྒྱལ་ཁབ་ཀྱི་སྲིད་གཞུང་ཞིག་མིན་པ་སུས་ཀྱང་ཤེས།།