བོད་ནང་གི་གཞས་པ་བགེགས་འཇོམས་ལགས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག

ཉེ་ཆར་བོད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་གཞས་པ་བགེགས་འཇོམས་ལགས་ཀྱིས་“སྐྱོ་གླུ་མཆི་མ་དགུ་འཁྱིལ ”ཞེས་པའི་གླུ་གཞས་ཤིག་བཏང་བར་བརྟེན་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟ་གར་ཡོད་ནང་མི་ཚོས་ཤེས་རྟོགས་ཡོང་གི་མེད་པ་ཡིན་འདུག
ཕྱི་ཟླ་༣ པའི་ཚེས་༢༦ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཕྱི་ཟླ་ ༢ པའི་ཚེས་ ༡༨ ཉིན་བོད་ནང་དུ་བཞུགས་མཁན་ཞིག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གཞས་པ་བགེགས་འཇོམས་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཞིག་མཁོ་སྤྲོད་གནང་ཡོད་འདུག་ལ། གནས་ཚུལ་དེའི་ནང་དུ་ཉེ་སྔོན་བོད་ཀྱི་ལོ་གསར་སླེབ་ཉེའི་སྐབས་ཏེ། ཕྱི་ཟླ་ ༡ པོའི་ཚེས་ ༡༥ ཉིན་བོད་མདོ་སྨད་རྔ་བ་ཁྱུང་མཆུ་རྫོང་གི་སྒྱུ་རྩལ་བ་མང་པོ་ཞིག་གིས་མཉམ་སྒྲུབ་བྱས་པའི་ལོ་གསར་དགོང་ཚོགས་སྟེང་ལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཚོ་ནས་ཡིན་པའི་གཞས་པ་བགེགས་འཇོམས་ལགས་ཀྱིས་“སྐྱོ་གླུ་མཆི་མ་དགུ་འཁྱིལ”ཞེས་པའི་གླུ་གཞས་ཤིག་བཏང་ཡོད་འདུག་པས། ཕྱི་ཟླ་ ༢ པའི་ཚེས་ ༡༢ དང་ལོ་གསར་ཚེས་༣ ཉིན་ཁྱུང་མཆུ་རྫོང་གི་ཉེན་རྟོག་པས་གཞས་པ་བགེགས་འཇོམས་ལགས་ལ་ཁ་པར་བཏང་ནས་རྫོང་ཉེན་རྟོག་ཁང་དུ་ཡོང་དགོས་པར་བཤད་ཡོད་འདུག ཉིན་དེའི་དགོང་མོ་ནས་བཟུང་ཁོང་གར་སོང་ཆ་མེད་དུ་གྱུར་ཞིང་། ཁོང་གི་ནང་མི་རྣམས་རྫོང་ཉེན་རྟོག་ཁང་ལ་སོང་སྟེ་ཁོང་ག་བར་ཡོད་མེད་སྐད་ཆ་དྲིས་ཡོད་འདུག་ཀྱང་། ཉེན་རྟོག་ཁང་གིས་ཁོང་ག་བར་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་མ་བཤད་པར། ཁོང་གི་གཞས་ཚིག་དང་བསམ་བློ་ལ་གནད་དོན་ཡོད་པས་འདྲི་གཅོད་བྱེད་བཞིན་པར་བརྗོད་འདུག་པ་མ་ཟད། ནང་མི་ཚོས་གནས་ཚུལ་ཕྱིར་བསྒྲགས་དང་སྐད་ཆ་གང་བྱུང་མ་བཤད་ན་ཡག་པའི་ཉེན་བརྡ་བཏང་ཡོད་འདུག གནས་ཚུལ་དེ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བས། “ང་ཚོར་གཞས་པ་བགེགས་འཇོམས་ལགས་ཀྱི་བདེ་འཇགས་ཐད་སེམས་འཚབ་ཆེན་པོ་ཡོད། གང་ཡིན་ཟེར་ན་ནམ་རྒྱུན་གསང་བའི་བཀག་ཉར་འོག་ཚུད་པའི་བོད་མི་རྣམས་ཀྱི་མགོར་ཉེས་མིང་འདྲ་མིན་འགེལ་ཐབས་སུ་རྒྱ་གཞུང་ཉེན་རྟོག་མི་སྣས་རྡུང་རྡེག་མནར་གཅོད་དྲག་པོ་གཏོང་གི་ཡོད་པ་དང་། གསང་བའི་བཀག་ཉར་བྱེད་རིང་གཉེན་འཕྲད་དང་དྲང་བདེན་གྱི་ཁྲིམས་བཤེར་སོགས་ཀྱི་ཐོབ་ཐང་རྩ་ནས་སྤྲོད་ཀྱི་མེད་པའི་གནས་ཚུལ་འབྱུང་མུས་ཡིན། རྒྱ་གཞུང་གིས་ངེས་པར་གཞས་པ་བགེགས་འཇོམས་ལགས་ཀྱི་གནས་བབ་ཐད་ནང་མིར་གསལ་བཤད་ལན་འདེབས་དགོས་པ་མ་ཟད་ཆ་རྐྱེན་གང་ཡང་མེད་པར་ཁོང་མྱུར་དུ་གློད་བཀྲོལ་གཏོང་དགོས།” ཞེས་བརྗོད་གནང་འདུག
གཞས་པ་ཁོང་གིས་བཏང་བའི་གཞས་དེའི་ཚིག་འདི་ལྟར་རེད་འདུག
“རྒྱལ་བ་མེད་པའི་རྒྱལ་ཁམས་འདི་ན།།
མགོ་ཁྲིད་ཡོད་རུང་རྫུན་མ་རེད་འདུག །
ཁ་ཕྱོགས་མེད་པའི་བོད་འབངས་འདི་ཚོ།།
སྨུག་ལུང་ཁྲོད་ཀྱི་ཡུ་མོ་བཞིན་རེད།།
དྲང་བདེན་མེད་པའི་ས་ཆ་འདི་ན།།
སྲིད་ཇུས་ཉི་མ་གཟའ་ཡིས་བཟུང་སོང་།།
འདྲ་མཉམ་མིན་པའི་གདོང་དམར་བ་འདི།།
མི་ཆེན་རྐང་འོག་གྲོག་མ་བཞིན་རེད།།
གཅར་རྡུང་མང་བའི་ཡུལ་གྲུ་འདི་ན།།
ཞི་བདེ་སྒྲོག་མོད་སྟོང་གཏམ་རེད་སོང་།།
རང་དབང་མེད་པའི་བོད་པ་ངེད་ཚོ།།
སྨྱུག་གཟེབ་ནང་གི་བྱེའུ་ཆུང་བཞིན་རེད།།”
གསར་འགོད་པ། བསྟན་འཛིན་ལམ་བཟང་།