བསྟན་འཛིན་བརྩོན་འགྲུས།
ང་རང་སྒེར་གྱི་བསམ་ཚུལ་ལ། ང་ཚོའི་སྤྱི་ཚོགས་ནང་སྐུ་ཚབ་ཚོ་ཚུར་ལོག་ཡོང་བའི་སྐབས་དོན་དག་ཆེན་པོ་ཞིག་འགྲུབ་ཡོད་པ་རེད་ཅེས་གསུང་གི་འདུག དོན་དག་ག་ཚོད་ཅིག་འགྲུབ་ཀྱི་ཡོད་མེད་ང་ལ་དོགས་པ་ཆེན་པོ་ཡོད་ལ། སེམས་འཚབ་ཀྱང་ཡོང་གི་འདུག ང་ཚོས་སྐུ་ཚབ་འགྲོ་ཡི་ཡོད་པ་རེད་ཅེས་དགའ་དགའ་སྤྲོ་སྤྲོ་ཞིག་དང༌། རེ་བ་ཆེན་པོ་ཞིག་རྒྱག་གི་འདུག ད་ལྟའི་བར་དུ་འཛམ་བུའི་གླིང་གི་གསར་འགྱུར་བརྒྱུད་ལམ་དུ་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་བཙན་བྱོལ་གཞུང་གི་སྐུ་ཚབ། ཡང་ན་ྋགོང་ས་མཆོག་གི་སྐུ་ཚབ་ལ་འབྲེལ་བ་དང་གྲོས་བསྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་རྩ་བ་ཉིད་ནས་མི་འདུག བྱས་ཙང་ཕར་ཕྱོགས་ནས་ང་ཚོའི་སྐུ་ཚབ་དེ་འདྲ་ཞིག་ཡོད་པའི་ངོས་འཛིན་ཙམ་ཡང་རྩ་བ་ཉིད་ནས་མི་འདུག ང་ཚོས་རེ་བ་མེད་པ་ཞིག་ལ་རེ་བ་བསླངས་ནས་བོད་རྒྱ་ཆེའི་མི་མང་གིས་རེ་སྒུག་བྱེད་རྒྱུ་བཟོས་པ་ལྟ་བུ་ཞིག་མཐོང་གི་འདུག ད་ལྟ་བོད་ནང་གི་གནས་ཚུལ་ཛ་དྲག་པ་དང༌། རང་བཙན་རྩོད་ལེན་གྱི་ལམ་ཁ་ཞིག་མ་ཆགས་པར་འདི་ལྟར་རེ་བ་བྱས་ནས་ཕྱིན་པ་ཡིན་ན་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག ཡང་ན་རྒྱ་ནག་གིས་ང་ཚོའི་སྐུ་ཚབ་དང་སྐད་ཆ་ཤོད་ཀྱི་ཡོད་ཅེས་ངོས་ལེན་བྱས། འཛམ་བུའི་གླིང་ཁྱོན་ཡོངས་སུ་གསལ་བསྒྲགས་བྱས་པ་ལྟ་བུ་ཞིག་བྱུང་བ་ཡིན་ན། རེ་བ་བརྒྱབ་ཀྱང་རྒྱག་ས་ཡོད་པ་ཞིག་རེད། ཕར་ཕྱོགས་ནས་ངོས་ལེན་རྩ་བ་ཉིད་ནས་མེད་པ་ཞིག་ལ། ང་ཚོས་ང་ཚོ་མགོ་སྐོར་བྱས་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་ལ་རང་བཙན་ཡིན་ཞེས་སྐད་འབོད་བྱེད་ས་མེད་པ་དང༌། གྲོས་མོལ་ཡང་ཡོང་གི་མེད་པའི་གནས་ཚུལ་ཉག་ཕྲ་པོ་ཞིག་ཆགས་འདུག
གསར་འགྱུར་བརྒྱུད་ལམ་གྱི་ནང་དུ་གནས་ཚུལ་ག་འདྲ་ཞིག་ཡོང་གི་ཡོད་མེད་དང༌། བོད་པའི་རྩ་དོན་ཕྱོགས་གང་དུ་སླེབས་འདུག ང་ཚོ་གཞོན་སྐྱེས་མང་པོ་ཞིག་གིས་དོ་སྣང་དང་གྲོས་བསྡུར་ཡང་མང་པོ་ཡོང་གི་འདུག གཞོན་སྐྱེས་ཚང་མར་སེམས་འཚབ་ཡོད་པ་དེ་མངོན་གསལ་དོད་པོ་རེད། བོད་ཀྱི་མ་འོངས་པའི་ཁ་ཕྱོགས་གང་དུ་འགྲོ་དང་རེ་བ་ཞིག་འདུག་གམ། འདིའི་ཐད་ནས་དོ་སྣང་བྱེད་མཁན་མང་པོ་ཞིག་ཡོང་གི་འདུག གཞོན་སྐྱེས་ཚོའི་ནང་ནས་འགན་ཁུར་མཁན་གང་ལ་གང་འཚམས་ཤིག་སླེབས་ཡོད་པ་དང༌། གནད་འགགས་ཆེན་པོའི་ས་མིག་ཟིན་ཡོད་མཁན་ཡང་ཁ་ཤས་ཡོད་པ་རེད། རིམ་པས་མི་རབས་རྒན་པ་རྫོགས་ནས་གཞོན་སྐྱེས་ཚོའི་དཔུང་པའི་སྒང་དུ་འགན་བབས་ཡོང་དུས་གཞོན་སྐྱེས་མི་རབས་འགའ་ཤས་ཤིག་གིས་ད་དུང་ལྷོད་ཡངས་བྱས་ནས་བསྡད་པ་ཡིན་ན། ང་ཚོའི་དཔུང་པའི་སྒང་དུ་ཡོད་པའི་དམིགས་བསལ་གྱི་འགན་དེ་མ་བཟོད་པ་ལྟ་བུ་ཆགས་མི་ཡོང་ངམ་བསམ་པའི་དངངས་འཚབ་ཅིག་ཡོང་གི་འདུག སྐུ་ཚབ་ཚོས་ལམ་ལྷོང་ཡོང་དང་མི་ཡོང་དེ་གཅིག་ནས་ཁོང་རྣམ་པས་འབད་བརྩོན་གནང་སྟངས་དང༌། གཉིས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དོ་ཁུར་དམ་ཟབ་བྱས་ནས་བལྟས་པ་ཡིན་ན། མི་མང་རང་གི་ངོས་ནས་བསམ་ཚུལ་ཞུ་རྒྱུ་ཡང་ཡོང་དགོས་ཀྱི་རེད་བསམ་གྱི་འདུག གནས་ཚུལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ནས་དོན་དག་འགྲུབ་ཀྱི་མེད་ན་མི་འདུག་ཅེས་བོད་གཞུང་དང༌། སྐུ་ཚབ་ཚོར་ཞུས་ན་ཁོང་ཚོ་ལ་ཡང་ཐུགས་ཕན་སོས་པ་ཡོང་སྲིད་ཀྱི་རེད། དེ་ཚོ་ཡིན་ཡང་མང་གཙོའི་འགན་རེད།།
