ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་བར་ཐུག་འཕྲད་དང་ཕྱོགས་གཉིས་བར་གྱི་འབྲེལ་ལམ།

ཉེ་ཆར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཉིན་གྲངས་གཉིས་རིང་ལྟ་སྐོར་དུ་སླེབས་ཡོད་འདུག་པ་དང་། ཨུ་རུ་སུ་དང་རྒྱ་ནག་བར་མངོན་ལྐོག་གཉིས་ཀྱི་ཐོག་ནས་དམག་དོན་དང་དཔལ་འབྱོར་ཐད་ལ་ཕན་ཚུན་རོགས་རམ་བྱེད་བཞིན་ཡོད་འདུག་ལ། དམིགས་བསལ་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགོ་བཙུགས་པ་ནས། རྒྱལ་ཁབ་མང་པོས་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ་གཉིས་སྔར་ལས་འབྲེལ་བ་དམ་ཟབ་ཏུ་འགྲོ་བཞིན་ཡོད་འདུག

ཕྱི་ཚེས་༡༠ ཉིན་(Taipei Times)ཐའེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ། ཉེ་ཆར་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་(Sergei Lavrov)རྒྱ་ནག་ལ་ལྟ་སྐོར་དུ་སླེབས་ཡོད་འདུག་པ་དང་། ཁ་སང་པེ་ཅིན་གཞུང་གིས་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་ཐབས་བྱུས་སྲ་བརྟན་ཡོང་ཐབས་ཀྱི་ཆེད་དུ་ཕྱོགས་གཉིས་ཀ་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། ཉེ་ཆར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་ཚང་འཛོམས་སྐབས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)ཡིས་ཨུ་རུ་སུའི་བདེ་འཇགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་ཕྱོགས་གཉིས་ཀས་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མངོན་འདོད་སྒྲུབ་ཐབས་བྱེད་རྒྱུ་ཡིན་པར་བརྗོད་འདུག དེ་བཞིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་འགོ་ཁྲིད་འོག་ཨུ་རུ་སུའི་མི་མང་ཚོའི་འཚོ་བ་བདེ་ཞིང་སྐྱིད་པ་ཡོང་རྒྱུར་ངེས་པ་རེད་ཅེས་བརྗོད་ཡོད་འདུག དེ་སྔོན་ཨུ་རུ་སུའི་འོས་བསྡུའི་ཁྲོད་ལས་ཐོག་སྲིད་འཛིན་བསྐྱར་དུ་འོས་ཐོབ་ཡོད་ཚུལ་རྗོད་དུས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འཚམས་འདྲི་ཞུ་མཁན་དང་པོ་ཡིན་འདུག ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། རྒྱ་ནག་མི་མང་ཚོས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག ཕྱི་ལོ་༢༠༢༢ ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ཁེར་རྐྱང་འཇོག་ཐབས་བྱེད་བཞིན་ཡོད་ཀྱང་། སྲིད་དོན་དཔྱད་བརྗོད་པ་(Alexander Gabuev)ཟེར་བ་དེས། རྒྱ་ནག་གཞུང་གིས་མངོན་ལྐོག་གང་རུང་གི་ཐོག་ནས་ཨུ་རུ་སུ་ལ་དམག་གི་གོ་མཚོན་རིགས་བཟོ་ཆེད་དངོས་ཟོག་མཁོ་སྤྲོད་བྱེད་ཀྱི་ཡོད་པར་བརྟེན། ཨུ་རུ་སུས་ཡུག་རེན་ལ་དུས་ཡུན་ལོ་གཉིས་ཙམ་ཕྱིན་ཟིན་ཡང་ད་དུང་དམག་འཁྲུག་མཇུག་མ་བསྒྲིལ་བར་མུ་མཐུད་ནས་དམག་རྒྱག་བཞིན་པ་ནི་རྒྱ་ནག་གིས་རོགས་རམ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་ཁ་གཏད་ག་ཚོད་བཅགས་ཀྱང་ཨུ་རུ་སུས་གདོང་ལེན་འདྲ་འདྲ་བྱེད་ཐུབ་ཀྱི་ཡོད་པ་ནི་ཨུ་རུ་སུའི་རྒྱབ་ན་རྒྱ་ནག་ཡོད་པའི་རྐྱེན་གྱིས་རེད་བརྗོད་འདུག 

ཨ་རིའི་གཞུང་ནས་རྒྱ་ནག་གཞུང་གིས་ཨུ་རུ་སུ་ལ་དམག་དོན་རོགས་རམ་བྱས་ན་མི་འགྲིག་པའི་ཉེན་བརྡ་གཏོང་གི་ཡོད་འདུག་ལ། དེ་ལས་ལྡོག་སྟེ་ཡུག་རེན་ནང་ཞི་བདེ་ཡོང་ཐབས་སུ་རྒྱ་ནག་གིས་འབད་བརྩོན་བྱེད་དགོས་པར་བརྗོད་འདུག དེ་བཞིན་ཨ་རིའི་གཞུང་མཛོད་དྲུང་ཆེ་(Janet Yellen)ཟེར་བ་དེ་གཟའ་ཟླ་བའི་ཉིན་རྒྱ་ནག་ལ་ལྟ་སྐོར་འགྲོ་བཞིན་ཡོད་འདུག་པར་བརྟེན། ཁོང་མོས་རྒྱ་ནག་གཞུང་གིས་ཨུ་རུ་སུ་ལ་དམག་དོན་རོགས་རམ་བྱས་ན་མི་འགྲིག་པ་མ་ཟད། མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་འདུག་ཀྱང་། ཨུ་རུ་སུའི་ཕྱི་འབྲེལ་བློན་ཆེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་ཁྲིམས་འགལ་ཐོག་ནས་དཔལ་འབྱོར་ཉེས་ཆད་བཅད་ཡོད་པར་བརྗོད་འདུག་ལ། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ཡར་རྒྱས་འགྲོ་རྒྱུའི་འགོག་རྐྱེན་བཟོ་ཐབས་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་སྟོབས་ཤུགས་གོང་མཐོར་གཏོང་ཐབས་ཆེད་དུ་ཐུན་མོང་ཐོག་ནས་གདོང་ལེན་བྱེད་རྒྱུ་ཡིན་པར་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།