བཅོས་མའི་རིག་རྩལ་གྱིས་ཡུག་རེན་བུ་མོ་ཞིག་ཨུ་རུ་སུའི་མི་རིགས་སུ་བསྒྱུར་བ།

བྷི་བྷི་སིའི་པར།

ཡུག་རེན་གྱི་ཡུ་ཊུབ་སྤྱོད་མཁན་བུ་མོ་ཨོལ་གྷ་Olga Loiek ཟེར་བ་ཞིག་གི་སྐད་དང་གདོང་དེ་བཅོས་མའི་རིག་རྩལ་གྱིས་ཨུ་རུ་སུའི་བུ་མོ་ཞིག་ཏུ་བསྒྱུར་ནས། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཨུ་རུ་སུ་དང་རྒྱ་ནག་བར་གྱི་འབྲེལ་བའི་སྐོར་དྲིལ་བསྒྲགས་བྱས་པ་དང་། ཨུ་རུ་སུའི་ཅ་ལག་སོགས་རྒྱ་ནག་ནང་དུ་འཚོང་གི་ཡོད་པ་ཤེས་འདུག

ཟླ་འདིའི་ཕྱི་ཚེས་༡༥ ཉིན་བྷི་བྷི་སི་ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་ནས་ཡིན་པའི་ཡུ་ཊུབ་སྤྱོད་མཁན་ཨོལ་གྷ་Olga Loiek ཟེར་བའི་བུ་མོ་དེར་མོའི་ཡུ་ཊུབ་ལྟ་མཁན་ཚོས་ཁོང་མོས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་དུ་རྒྱ་སྐད་ཤོད་ཀྱི་ཡོད་པ་མཐོང་བའི་སྐོར་སོགས་ཡི་གེ་མང་པོ་བཏང་ཡོད་འདུག་པས། མོས་འཚོལ་སྐབས་དེ་ནི་༢༠༢༣ ནས་མོས་ཡུ་ཊུབ་ནམ་རྒྱུན་ལྟར་བེད་སྤྱོད་བྱེད་མཚམས་འཇོག་ལ་ཉེ་སྐབས་ནས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་Xiaonhongshu ཞེས་པའི་ཐོག་འགོ་བཙུགས་པ་འདྲ་བོ་ཡོད་པར་བརྗོད་འདུག མོའི་གདོང་དང་སྐད་བེད་སྤྱོད་བྱས་ཏེ་མིང་འདྲ་མིན་ཡོད་པ་མང་པོ་བཟོས་ཡོད་འདུག་པ་དང་། དེ་ཚོས་བཟོས་པའི་བརྙན་ཐུང་རྒྱ་ཆ་༩༠ ཙམ་གྱི་ནང་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བའི་སྐོར་ཤོད་ཀྱི་ཡོད་འདུག ཨོལ་གྷ་ཡི་བཤད་ཚུལ་ལྟར་ན་དེ་རྣམས་བཟོ་མཁན་ནི་HeyGen ཞེས་པའི་བཅོས་མའི་རིག་རྩལ་གྱི་ཚོང་སྡེ་ཞིག་ཡིན་འདུག་པ་དང་། ཚོང་སྡེ་དེ་ནི་ཏོག་དབྱིབས་ནད་ཡམས་སྐབས་སུ་རྒྱ་མི་གཉིས་ཀྱིས་རྒྱ་ནག་ཏུ་འགོ་བཙུགས་ཡོད་འདུག

ཨོལ་གྷ་ཡིས་“ངས་ང་རང་གི་གདོང་དེ་མཐོང་སོང་ལ། སྐད་ཀྱང་གོ་སོང་། དེ་ཧ་ཅང་གིས་ཞེད་སྣང་སྐྱེ་དགོས་པ་ཞིག་རེད།  གང་ཡིན་ཟེར་ན་ངས་ནམ་ཡང་བཤད་མ་མྱོང་བའི་སྐད་ཆ་དེ་ཚོ་ཤོད་བཞིན་པ་མཐོང་སོང་། ངས་རང་གི་མི་ཚེའི་ནང་སྐད་ཆ་སྡུག་ཅག་དེ་འདྲ་བཤད་ཡོད་རེད་སུས་ཀྱང་མ་བསམ་རོགས། ཨུ་རུ་སུ་ཡར་རྒྱས་གཏོང་ཆེད་དུ་ཡུག་རེན་གྱི་བུ་མོ་བེད་སྤྱོད་བྱས་པ་ནི་སྨྱོན་པ་རེད།” ཅེས་བཤད་འདུག 

ཁོང་མོའི་ངོ་གདོང་བེད་སྤྱོད་བྱས་ཏེ་ཨུ་རུ་སུ་ནས་ཡིན་ཁུལ་གྱིས་སོ་ཧྥིས་ཡ་Sofiaདང་། ན་ཏ་ཤ་Natasha ཨེབ་རིལ་April སེ་ཏེ་སི་Stacy ལ་སོགས་པའི་མིང་མི་འདྲ་བཅུ་ཕྲག་གིས་བེད་སྤྱོད་བྱས་འདུག་ལ། གཞན་ཡང་ད་བར་ཁོང་མོ་འདྲ་བོ་བཟོས་པའི་ཁ་བྱང་མི་འདྲ་༣༥ ཙམ་རྙེད་སོན་བྱུང་ཡོད་འདུག དེ་དག་གིས་མོས་སྦྱངས་མ་མྱོང་བའི་སྐད་རིགས་རྒྱ་སྐད་ཀྱང་ཤོད་ཀྱི་ཡོད་འདུག མོའི་མིང་འདྲ་མིན་དེའི་ནང་སྐད་གྲགས་ཆེ་ཤོས་དེ་ནི་ “ན་ཏ་ཤ་ཡི་ཟས་རིགས་ནང་འདྲེན་” ཟེར་བ་དེ་ཡིན་འདུག་ཅིང་། དེའི་རྗེས་འཇུག་པ་༣༠༠,༠༠༠ ཡོད་འདུག “ན་ཏ་ཤ་”ཟེར་བ་དེས་ “ཨུ་རུ་སུ་ནི་རྒྱལ་ཁབ་ཡག་ཤོས་རེད། ལུང་པ་གཞན་ཚོས་ང་ཚོའི་རྒྱལ་ཁབ་ལ་མ་དགའ་བ་དེ་སེམས་སྐྱོ་བའི་གནས་ཚུལ་རེད། ང་ཚོ་ཨུ་རུ་སུའི་བུ་མོ་ཚོ་རྒྱ་ནག་ལ་ཡོང་འདོད་ཡོད།”སོགས་ཨུ་རུ་སུའི་ཅ་ལག་མ་བཙོངས་གོང་དུ་སྐད་ཆ་དེ་འདྲ་ཤོད་ཀྱི་ཡོད་འདུག 

གནས་ཚུལ་དེ་ལྟར་བྱུང་བས་སྒེར་ཐོག་ནས་བཤད་ན་ཡུག་རེན་ནང་ཡོད་པའི་ཨོལ་གྷའི་ནང་མི་རྣམས་ཁོང་ཁྲོ་ལངས་ཡོད་འདུག རྒྱ་ཆེ་ས་ནས་བཤད་ན་ཁོང་མོ་ལ་བྱུང་བའི་གནས་ཚུལ་གྱིས་ཡར་རྒྱས་མྱུར་དུ་འགྲོ་བཞིན་པའི་འཕྲུལ་ལས་ཀྱིས་མི་ཚོ་སྟངས་འཛིན་དང་། སྲུང་སྐྱོབ་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་དང་དེའི་ཉེན་ཚབས་བཅས་ཀྱི་ཐད་ནས་མི་རྣམས་ཀྱིས་དོ་སྣང་སླེབས་ཐུབ་པ་བྱས་འདུག

ཡུ་ཊུབ་ནས་Xiaohongshuཞོ་ཧུང་ཧྲོས།

མོས་ཡུ་ཊུབ་རྗེས་འཇུག་པའི་བརྒྱུད་ནས་བཅོས་མའི་རིག་རྩལ་གྱིས་མོ་རང་ཨུ་རུ་སུའི་བུ་མོ་ཞིག་ཏུ་བསྒྱུར་བ་ཤེས་རྗེས། མོའི་དགའ་རོགས་ཀྱིས་སྤྱི་ཚོགས་དྲ་རྒྱ་X ཞེས་པའི་ནང་ཤོད་སྐབས་HeyGen ཟེར་བའི་ཚོང་སྡེ་དེ་ཡིས་ལན་འདེབས་ཤིག་བྱས་པའི་ནང་དུ། “ད་བར་མོའི་ངོ་གདོང་བེད་སྤྱོད་བྱས་ནས་ཁྱོན་བསྡོམས་བརྙན་ཐུང་༤,༩༠༠ ལྷག་ཙམ་བཟོས་ཡོད་པ་དང་། ཁོང་ཚོས་མོའི་ངོ་གདོང་་བེད་སྤྱོད་བྱ་རྒྱུ་བཙན་བཀག་བྱས་ཚར་པ་ཡིན།” ཞེས་བརྗོད་ཡོད་འདུག 

གཞན་ཡང་བྷི་བྷི་སི་ལ་ཁོང་ཚོའི་མགྲིན་ཚབ་ཀྱིས་བཤད་པ་ལྟར་ན། ཁོང་ཚོའི་དྲ་གནས་ནས་སིམ་འཛུལ་བྱས་ཏེ ‘བཀའ་འཁྲོལ་མེད་པའི་བརྙན་ཐུང་’ བཟོས་ཡོད་པ་དང་། དེ་ལྟར་མི་ཡོང་ཆེད་ཁོང་ཚོའི་ཉེན་སྲུང་དམ་དུ་བཏང་ནས་ཁོང་ཚོས་བཟོས་པའི་སྡིངས་ཆ་དེ་བེད་ལོག་སྤྱོད་མཁན་རྣམས་འགོག་ཆེད་དུ། བེད་སྤྱོད་བྱེད་མཁན་ཚོས་སྡིངས་ཆ་དེ་བེད་སྤྱོད་མ་བཏང་གོང་རང་ངོས་ཀྱི་ཡིན་པ་བདེན་པ་ཁུངས་སྐྱེལ་བྱེད་དགོས་པ་བཟོས་ཡོད་འདུག

ཡིན་ཡང་ཧོང་ཀོང་གི་མཐོ་སློབ་ནས་ཡིན་པའི་ཨེན་ཇི་ལ་Angela Zhang ཟེར་བ་ཞིག་གིས། ཨོལ་གྷ་ལ་བྱུང་བ་དེ་ནི་རྒྱ་ནག་ནང་དུ་སྤྱིར་བཏང་ཡིན་སྐོར་དང་།  རྒྱ་ནག་ནི་འཛམ་གླིང་ནང་ནས་བཅོས་མའི་རིག་རྩལ་ལ་སྟངས་འཛིན་བྱེད་མཁན་དང་པོ་ཡིན་པ་དང་།ཁོང་ཚོས་རྫུན་སྒྲིག་འགོག་སྲུང་བྱེད་པར་རང་ཁྲིམས་ཡང་འགྱུར་བ་བཏང་ཡོད་ཀྱང་།  རྒྱ་ནག་ནི་ ‘གསང་བའི་ཚོང་འབྲེལ་གྱི་ལྟེ་གནས་ཡིན་པ་དང་། སྒེར་གྱི་གྲངས་ཐོ་རྣམས་རྫུན་མ་བཟོས་པ་དང་མ་འོས་མ་འཚམས་པའི་བཀོལ་སྤྱོད་བྱེད་པར་ཆེད་མཁས་པ་’ ཞིག་ཡིན་པར་བརྗོད་འདུག 

ཕྱི་ལོ་༢༠༢༣ ལོའི་སྤྱི་དམངས་སྲུང་སྐྱོབ་སྡེ་ཚན་གྱིས་བཏོན་པའི་རྣམས་གྲངས་རིག་པ་ལྟར་ན། འགན་འཛིན་ཚོས་ ‘བཅོས་མའི་རིག་པ་བེད་སྤྱོད་བྱས་ནས་ངོ་གདོང་བརྗེ་ལེན་’ བྱེད་མཁན་མི་༥༡༥ འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གི་ཁྲིམས་ཁང་གིས་ཀྱང་དེ་དང་འབྲེལ་བའི་གནས་ཚུལ་མང་པོ་སྟངས་འཛིན་བྱས་པར་བརྗོད་འདུག 

དེ་འདྲ་ཡིན་ན་ཨོལ་གྷ་ཡི་བརྙན་ཐུང་མང་པོ་དྲ་རྒྱའི་ཐོག་གང་འདྲ་བྱས་ནས་སླེབས་རེད་དམ། 

རྒྱུ་མཚན་གཅིག་ནི་ཨུ་རུ་སུ་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་པོ་ཡོད་ལུགས་སྐོར་ཁྱབ་བསྒྲགས་བྱེད་ཆེད་དུ་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་པེ་ཅིང་Beijing དང་མོ་སི་ཁོའི་Moscow བར་གྱི་འབྲེལ་ལམ་དམ་དུ་གྱུར་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་པུ་ཊིན་བར་གྱི་གྲོགས་འདྲིས་ལ་མཐའ་མེད་པར་བཤད་འདུག རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཨུ་རུ་སུ་ཡིས་ཡུག་རེན་ལ་དམག་རྒྱག་དགོས་པ་ནི་བདེན་པ་དག་སྐྱེལ་ཡིན་པར་འགྲེལ་བརྗོད་བྱས། ཨུ་རུ་སུ་ཡི་འགྲེལ་བརྗོད་དེ་རྒྱ་ནག་གིས་བསྐྱར་ཟློས་བྱེད་ཀྱི་ཡོད་འདུག སྤྱི་ཚོགས་དྲ་ལམ་ཁག་ཏུ་དམག་འཁྲུག་དེ་དང་འབྲེལ་བའི་སྐོར་གྱི་གླེང་མོལ་རྣམས་ཞིབ་བཤེར་བྱེད་ཀྱི་ཡོད་འདུག 

University of Bologna ཞེས་པ་ནས་ཡིན་པའི་ཁྲིམས་དང་འཕྲུལ་ལས་ཉམས་ཞིབ་པ་ཨེམ་མི་Emmie Hine ཡིས་ “དམིགས་ཡུལ་གཅིག་གི་འོག་སྤྱི་ཚོགས་དྲ་རྒྱ་མང་པོ་ཞིག་གི་ལས་ཀ་བྱེད་ཀྱི་ཡོད་མེད་གསལ་པོ་མི་ཤེས་ཀྱང་། ‘བརྡ་ལན་གོ་བར་སྤྲད་པ་རྣམས་ལ་རྒྱ་མིའི་དྲིལ་བསྒྲགས་བྱས་པའི་གོ་དོན་དང་མཐུན་ན་ངེས་པར་དུ་ཁོ་རང་ཚོ་ལ་ཁེ་ཕན་ཡོང་གི་ཡོད་འདུག’ ” ཅེས་དང་། “སྤྱི་ཚོགས་དྲ་རྒྱ་མང་པོ་ཞིག་རྒྱ་ནག་དམར་ཤོག་ཚོགས་པ་CCP་དང་མངོན་གསལ་དོད་པོའི་ཐོག་ནས་ཕྱོགས་སྦྲེལ་མིན་ན་ཡང་། སྤྱི་ཚོགས་དྲ་རྒྱའི་ཐོག་ཁྲིམས་འགལ་ཡིན་པ་ཕྱོགས་སྦྲེལ་གྱི་བརྡ་ལན་གོ་བ་གཅིག་ཡིན་པ་ཁྱབ་སྤེལ་བྱས་ན་དྲ་རྒྱ་ཁག་ནས་བསུབ་མི་སྲིད་” ཅེས་བཤད་འདུག

ཨེམ་མི་ཡིས་དེའི་ཁ་སྣོན་དུ། “པེ་ཅིང་ནས་བཅོས་མའི་རིག་རྩལ་དང་དྲ་རྒྱའི་གསང་བའི་བར་གྱི་ཁྲིམས་དེ་ནི་བེད་སྤྱོད་ལོག་པར་བྱེད་མཁན་སྒེར་ལ་ཁ་གཏད་གཅོག་ཆད་ཡིན་པ་དང་། ‘མི་དམངས་ཀྱིས་གཞུང་ལ་ཁ་གཏད་གཅོག་རྒྱུའི་ཐོབ་ཐང་ནི་ཧ་ཅང་གི་སྐྱོ་བོ་ཡོད།’ ” ཅེས་བརྗོད་འདུག ཨོལ་གྷ་ཡི་གནས་ཚུལ་དེ་ལྟར་འཛམ་བུ་གླིང་སྤྱི་ཡོངས་སུ་འབྱུང་བཞིན་ཡོད་པ་དང་། འཕྲུལ་ལས་ཀྱི་སྤྱི་ཚོགས་སུ་འགྱུར་བ་མྱུར་པོ་ཐེབས་ཀྱི་ཡོད་པས་འཛིན་སྐྱོང་བྱེད་མཁན་རྣམ་པར་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད་འདུག 

འདི་ལོའི་ཕྱི་ཟླ་༣པའི་ནང་ཡུ་རོབ་གྲོས་ཚོགས་ཀྱིས་AI act བཅོས་མའི་རིག་རྩལ་གྱི་བྱ་སྤྱོད་ཟེར་བ་འཕྲུལ་ལས་ཀྱི་ཉེན་ཚབས་བཀག་སྡོམ་བྱེད་ཆེད་དུ་ལས་གཞི་ཞིག་འཛམ་གླིང་ནང་ཐེངས་དང་པོ་བཙུགས་ཡོད་འདུགལོ་སྔོན་མའི་ཕྱི་ཟླ་༡༠ནང་ཨ་རིའི་སྲིད་འཛིན་ཇོ་བྷ་ཊན་གྱིས་བཅོས་མའི་རིག་རྩལ་གྱི་གྲངས་ཐོ་ཡོད་ཚད་གཞུང་ལ་སྤྲད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག དེ་བཞིན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་ཁྲིམས་དེ་བཅོས་མའི་རིག་རྩལ་གྱི་ཡར་རྒྱས་རྩིས་གཞིར་བལྟས་ན་ཡར་རྒྱས་དལ་བོར་འགྲོ་གི་ཡོད་འདུག

ཨོལ་གྷ་ནིས་མོ་རང་བཅོས་མའི་རིག་རྩལ་བརྒྱུད་རྐྱེན་ངན་ཕོག་ས་མཐའ་མ་དེ་མ་ཡིན་པ་བརྒྱ་ཆ་༡༠༠ངེས་ཤེས་རྙེད་ཀྱི་ཀྱི་ཡོད་འདུག་ཀྱང་།དེའི་རྐྱེན་གྱིས་མོས་་དྲ་རྒྱ་རྩེད་མཚམས་འཇོག་པ་སོགས་བྱེད་ཀྱི་མིན་པའི་བློ་ཐག་བཅད་འདུག མོ་རང་གི་ཉམས་མྱོང་དེ་ཡུ་ཊུབ་ཐོག་བཤད་པ་དང་།མོའི་ངོ་གདོང་བེད་སྤྱོད་བྱས་པའི་བརྙན་ཐུང་འོག་རྒྱ་མི་འགའ་ཤས་ཀྱིས་རྫུན་མ་ཡིན་པ་སོགས་མཆན་རྒྱག་གི་ཡོད་འདུག ཨོལ་གྷས་ད་ཆ་བརྙན་ཐུང་མང་པོ་ཞིག་བསུབས་ཚར་ཡོད་འདུགམོས་ངའི་སྒྲུང་དེ་བཤད་ནས་མི་ཚོར་དྲ་ཐོག་ཏུ་གང་མཐོང་བ་ཚང་མ་དངོས་ནས་མ་ཡིན་པ་ཧ་གོ་འཇུག་འདོད་བྱུང་།ང་རང་གི་བསམ་བློ་རྣམས་འཛམ་གླིང་ལ་བཤད་རྒྱུར་དགའ་པོ་ཡོད་པ་དང་།དེ་འདྲ་བྱེད་པར་མི་ངན་སུས་ཀྱང་བཀག་མི་ཐུབ་ཅེས་མོ་རང་གིས་སེམས་ཐག་བཅད་ནས་བཤད་འདུག

གསར་འགོད་པ། བསྟན་འཛིན་གཡང་འཛོམ།