ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་པའི་གྷེ་མད་འགྲེམས་སྟོན་ཁང་གི་མདུན་དུ་བོད་མི་ཚོས་ངོ་རྒོལ་ལས་འགུལ་ཐེངས་༢༣ པ་སྤེལ་འདུག

ཕྱི་ཟླ་༣ པའི་ཚེས་༢༣ རེས་གཟའ་ཉི་མའི་ཉིན་ཉེ་སྔོན་ནས་ཧྥ་རན་སིའི་རྒྱལ་སར་ཡོད་པའི་(musée Guimet)གྷེ་མད་འགྲེམས་སྟོན་ཁང་གིས། བོད་ཀྱི་དངོས་རྫས་དང་དངོས་རྫས་འཇོག་སའི་མིང་བྱང་དུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བྲིས་པ་དེ་བོད་མིང་ལ་བརྗེ་རྒྱུར་ད་དུང་ངོས་ལེན་མ་བྱས་པར་བརྟེན།  ཕ་ཧྥན་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༥༠ ལྷག་ཙམ་གྱིས་འགྲེམས་སྟོན་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཐེངས་ཉི་༢༣ པ་དེ་སྤེལ་འདུག་པ་དང་། 

སྐབས་དེར་སྐད་འབོད་ནང་མཉམ་ཞུགས་གནང་མཁན་ས་གནས་གྲོས་ཚོགས་ཀྱི་མཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ཀྱང་ཡོད་འདུག་ལ། ཐེངས་འདིའི་འབོད་སྒྲ་གཙོ་བོ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་མ་ཚུད་པར། འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དག་གི་མིང་བྱང་ཐོག་བོད་ཅེས་པའི་ཐ་སྙད་སླར་གསོ་དགོས་པ་དེ་ཡིན་འདུག རྩ་བའི་ལོ་སྔོན་མའི་ཕྱི་ཟླ་༩ པའི་ཚེས་༢༡ ནས་ཧྥ་རན་སིའི་རྒྱལ་ས་པེ་རི་སེ་ལ་ཡོད་པའི་འགྲེམས་སྟོན་ཁང་( MUSÉE QUAI BRANLY ) ཞེས་པས་བོད་ཀྱི་དངོས་རྫས་དག་ལ་བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་ (XIZANG AUTONOMOUS REGION) ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷེ་མད་(MUSÉE GUIMET) འགྲེམས་སྟོན་ཁང་གིས་བོད་ཀྱི་བཟོ་རིག་ལས་ཐོན་པའི་དངོས་རྫས་དག་ལ་བོད་ཅེས་པའི་མིང་ལ་འགྱུར་བ་བཏང་ནས་དེའི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(HIMALAYAN WORLD) ཞེས་མིང་གསར་པ་བཏགས་པར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་རྗེས། ཕྱི་ཟླ་ ༩ པའི་ཚེས་ ༢༥ ཉིན་འགྲེམས་སྟོན་ཁང་ ( MUSÉE QUAI BRANLY ) ནོར་འཁྲུལ་ངོས་ལེན་བྱས་ཡོད་ཀྱང་། གྷེ་མད་(MUSÉE GUIMET) འགྲེམས་སྟོན་ཁང་གིས་ད་བར་ལན་འདེབས་གང་ཡང་མ་བྱས་པར་བརྟེན། བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ནས་ཁ་སང་འདི་ཐེངས་༢༣ པ་ཆགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ལམ་བཟང་།