རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཟེར།
ཟླ་འདིའི་ཚེས་༢༠ ཉིན་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གཉིས་དབར་ཚོང་དོན་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཡོད་ཅིང༌། རྒྱ་ནག་གི་སྲིད་བློན་ཝོན་ཇཱའོ་པོ་ཡིས་ཡུ་རོབ་མཉམ་འབྲེལ་ཕྱོགས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཅེས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་གཙོ་ཇཱོ་སི་བྷ་རོ་སོ་དང་རྒྱ་ནག་གི་སྲིད་བློན་ཝོན་ཇཱའོ་པོ་གཉིས་ཀྱིས་ཚོགས་འདུའི་སྟེང་གསུང་བཤད་གནང་སྐབས། རྒྱ་ནག་གི་སྲིད་བློན་གྱིས། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཞུང་གཉིས་ཀྱིས་ཕན་ཚུན་གུས་བརྩི་དང་མཉམ་མཐུན་བྱས་པ་ལས། ཕྱོགས་གཉིས་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དེ་ལུགས་མཐུན་ཞིག་མིན་ལ་བྱེད་དོན་ཡང་མེད་ཅེས་བརྗོད་ཡོད་པ་རེད།



ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་བུད་མེད་གསར་འགོད་པ་གཉིས་བྱང་ཀོ་རི་ཡ་དང་རྒྱ་ནག་གི་ས་མཚམས་སུ་འཇུ་བཟུང་བྱས་ཡོད་པ་དང༌། བྱང་ཀོ་རི་ཡས་གསར་འགོད་པ་གཉིས་གློད་གྲོལ་གཏོང་བར་ཁྲིམས་གཏུགས་བརྒྱུད་དགོས་པ་ལས། རང་འཚམས་ཀྱིས་གློད་གྲོལ་གཏོང་རྒྱུ་མིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།