མདུན་དུ་དོན་ཐུབ་མཁན་ཞིག་དགོས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༢
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་འོངས་པའི་བཀའ་ཁྲིའི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་རབས་དང་རིམ་པ་སྤེལ་བཞིན་པའི་སྐབས་འདིར། ད་ལྟའི་བཀའ་ཤག་གིས་དགོངས་པ་ཞུས་ནས་བཀའ་མ་འཁྲོལ་བའི་གནས་ཚུལ་ཞིག་ཀྱང་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་པ་དང༌། གནས་ཚུལ་འདིས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་པ་དང༌། མི་མང་ལ་གོ་བརྡ་ཅི་ཞིག་སྤྲད་ཡོད་པ་སོགས་ལ་དོ་སྣང་ངེས་པར་དུ་གནང་དགོས་པ་ཧ་ཅང་གལ་ཆེ། ཁག་ཅིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས་ད་ལྟའི་བཀའ་བློན་ཁྲི་པ་འདི་ཉིད་སྐབས་གསུམ་བཞུགས་ཆོག་པ་ཞིག་བཟོ་དགོས་པའི་བསམ་ཚུལ་འདོན་བཞིན་ཡོད་ཀྱང༌། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་གསུམ་གནང་རྒྱུ་མིན་པ་ཙམ་དུ་མ་ཟད། ད་ལྟ་འགྲོ་བཞིན་པའི་ལས་དུས་འདི་ཡང་ཆ་ཚང་མཇུག་སྐྱོང་གནང་རྒྱུའི་དགོས་པ་མ་གཟིགས་པར་ྋགོང་ས་མཆོག་ལ་དགོངས་ཞུ་ཕུལ་བའི་གནས་སྟངས་འདིས་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པའི་བསམ་ཚུལ་འཛིན་མཁན་དག་ལ་གོ་བརྡ་གསལ་པོ་ཞིག་སྤྲད་ཡོད་དང༌། གནད་དོན་འདིའི་ཐད་བཀའ་བློན་ཁྲི་པ་མཆོག་གིས་མི་མང་ལ་གསལ་བཤད་སྔ་རྗེས་གནང་ཟིན་པ་རེད།
