གཞུང་འབྲེལ་མིན་པའི་ཚོགས་པ་ཨུ་རུ་སུའི་ནང་བཀག་སྡོམ་གྱི་ཁྲིམས་གཞི།
ཨུ་རུ་སུའི་རྒྱལ་ཁབ་ལ་ཕོག་ཐུག་གཏོང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང། འབྲེལ་ཡོད་དོ་བདག་ཚང་མར་ཁྲིམས་ཐོག་ནས་ཉེས་ཆད་གཏོང་ཆོག་པའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབ་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༤ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་འཁོར་སྔོན་མའི་ནང་ཨུ་རུ་སུའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཁྲིམས་འཆར་གསར་པ་ཞིག་གྲོས་ཚོགས་ནང་གཏན་འབེབ་བྱས་ཡོད་པ་ལྟར། སྲིད་འཛིན་པུ་ཌིན་གྱིས་ཁྲིམས་འཆར་དེར་མཚན་རྟགས་བཀོད་པའི་རྗེས་དངོས་སུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཆགས་རྒྱུ་ཡིན་པ་རེད།
རྒྱལ་ཁྲིམས་གསར་པ་དེའི་ནང་ཕྱིའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཞིག་ཡིན་ནའང། ཨུ་རུ་སུ་མནའ་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དང་། རྩ་ཁྲིམས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕོག་ཐུག་གཏོང་མཁན་ཐམས་ཅད། མི་འདོད་པའི་གནོད་འཚེ་ཅན་གྱི་ཚོགས་པ་ཞིག་ལ་ངོས་འཛིན་གྱིས། ཁྲིམས་ལུགས་གསར་པ་དེ་དང་རྒྱལ་འགལ་བྱེད་མཁན་རྣམས་ལ་ཁྲིམས་ཐོག་ནས་ནག་ཅན་པའི་ཉེས་མིང་འོག་ལོ་དྲུག་གི་དུས་བཀག་བཙོན་འཇུག་གམ། ཡང་ན་ཨུ་རུ་སུའི་རྒྱལ་ཁོངས་སུ་འཛུལ་བའམ་སྡོད་པའི་ཐོབ་ཐང་བཀག་འགོག་བྱ་རྒྱུའི་ཁྲིམས་གཞི་གཏན་འབེབ་བྱས་ཡོད་འདུག
དེ་དང་ཕྱོགས་མཚུངས་ཁྲིམས་གཞི་གསར་པ་དེའི་འོག ཨུ་རུ་སུའི་མི་སེར་དང་ཤོག་ཁག་སུ་ཞིག་གིས་ཕྱི་རོལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྷན་དུ་མཉམ་འབྲེལ་བྱས་ནའང་ཉེས་པ་གཅིག་མཚུངས་ཡོད་པ་རེད།
དེའང་ཨུ་རུ་སུའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་འགན་འཛིན་ལྕམ་ཏཱན་ཡཱ་ལོཀ་ཤི་ནཱ་ (Tanya Lokshina) ཡིས་དྲ་གནས་སུ་རྩོམ་ཡིག་ཞིག་སྤེལ་ཡོད་པའི་ནང་། ཁྲིམས་ཡིག་གསར་པ་དེ་ཨུ་རུ་སུའི་མི་སེར་དང་ལས་འགུལ་ཤོག་ཁག་རྣམས་ཕྱི་རོལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་དང་ལྷན་དུ་མཉམ་ལས་དང། རྒྱབ་སྐྱོར་བཀག་སྡོམ་གྱི་ལམ་ནས་ལོགས་སུ་བཀར་ཐབས་ཅིག་ཡིན་ཞིང། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་མཉམ་ཞུགས་བྱས་མཁན་དང། བསྒྲགས་གཏམ་སྤེལ་མཁན། དེ་བཞིན་སྙན་ཐོ་སྤེལ་མཁན་གྱི་ཨུ་རུ་སུའི་མི་སེར་རྣམས་བཙོན་འཇུག་བྱ་སྲིད་སྐོར་འཁོད་འདུག
ཨ་རི་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཐུས་མི་མང་པོ་ཞིག་གིས་ཁྲིམས་གཞི་གསར་པ་དེར་སྐྱོན་བརྗོད་བྱས་ཡོད་པ་དང། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་མཱེ་རི་ཧ་ཧྤི་ (Marie Harf) ཡིས་རྩ་ཁྲིམས་དེས་ཨུ་རུ་སུའི་སྤྱི་ཚོགས་ནང་དམ་དྲག་ཆེ་རུ་གཏོང་པ་དང། རང་དབང་འཐབ་རྩོད་པའི་འབོད་སྒྲ་དྲག་གནོན་གྱིས་ཨུ་རུ་སུའི་མི་མང་རྣམས་འཛམ་གླིང་རྒྱལ་ཁབ་གཞན་དག་ནས། ལོགས་སུ་འདོན་ཐབས་བྱེད་ཀྱི་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
གནས་ཚུལ་དབྱེ་ཞིབ་པ་མང་པོ་ཞིག་གིས་གནད་དོན་དེ་ཨུ་རུ་སུའི་ལས་འགུལ་བ་དང། རང་དབང་རྩོད་ལེན་པ་ཚོར་ཆེད་དུ་དམིགས་ཏེ་བཟོས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག།།
གསར་འགོད་པ་བསྟན་འཛིན་ཟླ་བ།