ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚ་དབྱི་ཝན་གྱི་དམ་འབུལ་མཛད་སྒོ།

197779_medium-600x400ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚ་དབྱི་ཝན་གྱི་སྲིད་འཛིན་དམ་འབུལ་འཛིན་སྒོའི་ཐོག ཁོང་མོས་སྲིད་གཞུང་གསར་པས་བཅོས་སྒྱུར་གྱི་ལས་འཆར་མང་པོ་སྤེལ་རྒྱུ་དང་། གནད་དོན་ཐག་གཅོད་བྱ་རྒྱུ། དེ་བཞིན་ཐའེ་ཝན་དེ་ཁ་ཕྱོགས་གསར་པ་ཞིག་གི་ཕྱོགས་སུ་འཁྲིད་རྒྱུ་ཡིན་སྐོར་བརྗོད་འདུག


ཕྱི་ཟླ་༥ ཚེས་༢༠ རེས་གཟའ་པ་སངས་ཉིན་ཐའེ་ཝན་གདོད་མིའི་རིགས་ཀྱི་རིགས་རྒྱུད་འདྲེས་པའི་ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚ་དབྱི་ཝན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོ་འཚོགས་ཡོད་པ་དང་། སྔ་དྲོའི་ས་གནས་ཀྱི་ཆུ་ཚོད་༩ པའི་སྟེང་སྲིད་འཛིན་ལས་ཁུངས་སུ་སྲིད་འཛིན་དམ་འབུལ་གྲུབ་མ་ཐག སྲིད་འཛིན་ལས་ཁུངས་ཀྱི་ཕྱི་ལོགས་སུ་སྐར་མ་༣༠ རིང་གཏམ་བཤད་སྤེལ་པ་དང་། ཉིན་རྒྱབ་ཏུ་ཇ་སྟོན་དང་དགོང་མོར་རྒྱལ་སྟོན་གསོལ་ཚིགས་བཤམ་རྒྱུ་ཡིན་པ་རེད།

སྔོན་ནས་ཕྱིའི་བརྒྱུད་ལམ་ཁག་ཏུ་ཚོད་དཔག་བྱས་པ་ལྟར། ཚ་དབྱི་ཝན་གྱིས་གཏམ་བཤད་ཁྲོད་སྲིད་འཛིན་ཟུར་པ་མཱ་དབྱི་ཅུ་དང་འདྲ་བར་“གོ་གཉིས་སྤྱི་མོས་”ཞེས་པའི་ཚིག་བེད་སྤྱོད་བཏང་མེད་པར། དེའི་ཚབ་ཏུ་ཕྱི་ལོ་༡༩༩༢ ལོའི་མཚོ་འགག་གཉིས་ཀྱི་གྲོས་མོལ་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་སྐོར་བརྗོད།

ཚ་དབྱི་ཝན་གྱིས་གཏམ་བཤད་སྐབས་ཐོག་མར་དཔལ་འབྱོར་བཅོས་སྒྱུར་སྐོར་གླེང་པ་དང་། ཁོང་མོས་གསར་གཞུང་གསར་པས་“ཐའེ་ཝན་དེ་བཞིན་ཕྱོགས་གཅིག་ཁོ་ནའི་ཁྲོམ་རར་བརྟེན་དྲགས་པའི་གནས་སྟངས་ལ་གྱེས་བརྡ་གཏོང་བའི་ཕྱོགས་སུ་འཁྲིད་རྒྱུ་ཡིན་”སྐོར་བརྗོད་པ་མ་ཟད། དེའི་རྗེས་ས་ཁུལ་མཉམ་འབྲེལ་གྱི་ནང་དོན་སྐོར་བརྗོད་སྐབས་“ལྷོ་ལ་ཕྱོགས་པའི་སྲིད་ཇུས་གསར་པ་”ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད།

ཚ་དབྱི་ཝན་གྱི་གཏམ་བཤད་ནང་གི་ཐོག་མའི་དོན་ཚན་གསུམ་ཀ་ཐའེ་ཝན་ས་གནས་ས་ཐོག་རང་གི་བརྗོད་གཞི་དང་འབྲེལ་བ་ཡོད་ཅིང་། ཁོང་མོས་“ཐའེ་ཝན་ལ་མིག་སྔར་འཕྲད་བཞིན་པའི་གནད་དོན་ཁྲོད་“དཔལ་འབྱོར་ལ་འགུལ་སྟབས་ཀྱི་ནུས་པ་ཞན་པ་”དང་། “མི་འབོར་གྱི་ཕྲུ་གུ་སྐྱེ་ཚད་ཉུང་བ།” “ཁོར་ཡུག་སྦག་བཙོག་ཚབས་ཆེ་བ།” “ཁྲིམས་ལུགས་ལ་ཡིད་ཆེས་བརླག་པ།” “ཟས་རིགས་ཀྱི་བདེ་འཇགས།” “དབུལ་ཕྱུག་ཆ་མི་སྙོམས་པ་སོགས་ཡིན་པ་དང་།” སྲིད་གཞུང་གསར་པས་“དཔལ་འབྱོར་འགྱུར་ལྡོག་དང་ཁྲིམས་ལུགས་བཅོས་སྒྱུར།” “རྒན་ཡོལ་ཕོགས་ཐོབ་ལམ་ལུགས་དང་སློབ་གསོའི་ལམ་ལུགས་བཅོས་སྒྱུར་”བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

སྲིད་འཛིན་དམ་འབུལ་གྱི་གཏམ་བཤད་ཡོངས་སུ་གྲུབ་པའི་རྗེས་དམ་འབུལ་མཛད་སྒོའི་ཐོག་མཉམ་ཞུགས་བྱས་པའི་མི་མང་ཡོངས་ནས། དེ་སྔར་ཐའེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པས་བཀག་སྡོམ་བྱས་མྱོང་བའི་“མཛེས་སྡུག་ལྡན་པའི་གླིང་ཕྲན་”ཞེས་པའི་མཉམ་གཞས་བཏང་སྟེ་མཛད་སྒོ་མཇུག་སྒྲིལ་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།