ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་སློབ་ཐོན་གྱི་མཛད་སྒོ་འཚོགས་འདུག

ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་སློབ་སྦྱོང་ལ་སྔར་ལས་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐབས་འདིར། བྷེང་ལོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་སྐབས་དང་པོའི་འབུམ་རམས་པའི་སློབ་མ་བདུན་སློབ་ཐོན་གནང་ཡོད་འདུག 

ཕྱི་ཚེས་༣༠ ཉིན་བྷེང་ལོར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་སྐབས་དང་པོའི་འབུམ་རམས་པའི་སློབ་མ་བདུན་སློབ་ཐོན་གནང་ཡོད་འདུག་པ་དང་། སློབ་མ་བདུན་པོ་ནི་བློ་བཟང་སྙན་གྲགས་དང་། བློ་བཟང་དངོས་གྲུབ། བློ་བཟང་སྨོན་ལམ།  བསོད་ནམས་རྒྱལ་མཚན། དཀོན་མཆོག ཚེ་དབང་སྟོབས་ལགས། བློ་གྲོས་བཅས་ཡིན་འདུག དེ་རིང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་ཞིབ་ཁང་གི་སྡེ་ཚན་འགན་འཛིན་སློབ་དཔོན་ཆེན་པོ་Pro.Srinivas Chowdappaདང་། ཆེད་སྦྱོང་སྡེ་ཚན་གྱི་དམིགས་བསལ་འབྲེལ་མཐུད་པ་དང་ལམ་སྟོན་པ་སློབ་དཔོན་ཆེན་པོ་(C.S Karigar ) དེ་བཞིན་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་རྒན་བསོད་ནམས་སྲིད་གཅོད་བཅས་ཕེབས་ཡོད་འདུག 

དེ་བཞིན་འབུམ་རམས་པའི་ངག་རྒྱུགས་དང་འབྲེལ་བའི་ལས་དོན་ཆེད་དུ་གདན་འདྲེན་ཞུས་པའི་ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་དང་། སློབ་དཔོན་བློ་བཟང་རྡོ་རྗེ་རབ་གླིང་། སློབ་དཔོན་ལྷག་པ་ཚེ་རིང་། ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་འབུམ་རམས་པ་སྤེན་པ་རྡོ་རྗེ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་འབུམ་རམས་པ་རྡོ་རྗེ་ཚེ་རིང་བཅས་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད་འདུག དེ་སྔོན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་སུ་ཡིན་ཡང་། ཕྱི་ལོ་༢༠༡༨ ནས་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་སུ་འཛུལ་ནས་དེང་རབས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཁག་དང་། བོད་ཀྱི་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ། གཙུག་ལག་རབ་འབྱམས་པ། བོད་ཀྱི་རིག་གནས་ཐོག་འབུམ་རམས་པ་བཅས་ཀྱི་གནས་རིམ་བར་ངོས་འཛིན་ཐོབ་པ་ཙམ་དུ་མ་ཟད། ད་བར་བོད་ཀྱི་རིག་གནས་ཐོག་གཙུག་ལག་རབ་འབྱམས་སྐབས་བཞི་དང་། ཉེ་བའི་རབ་འབྱམས་པ་སྐབས་གཉིས། དེ་རིང་སྐབས་དང་པོ་འབུམ་རམས་པ་བཅས་ཀྱི་ལོ་རྒྱུས་རང་གཞིན་ལྡན་པའི་སློབ་ཐོན་མང་པོ་བྱུང་ཡོད་འདུག

ཐོག་མ་ཕྱི་ལོ་༢༠༡༩ ནང་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གིས་འབུམ་རམས་པའི་ངོས་འཛིན་གནང་ཡོད་འདུག་པ་དང་། སྐབས་དེ་ནས་བཟུང་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་ཞིབ་འཇུག་སྒྲིག་གཞི་གཞིར་བཟུང་གིས་ཐོག་མར་ཟླ་བ་དྲུག་གི་རིང་ཉམས་ཞིབ་དངོས་སྦྱོང་འཛིན་གྲྭའི་(course work class)སྐབས། ཉམས་ཞིབ་ཐབས་ལམ། གཙོ་གྲས་བསླབ་གཞི། ཆེད་སྦྱོང་བསླབ་གཞི་བཅས་གསུམ་གྱི་ཐོག་ངོས་འཛིན་གྱི་གྲངས་ཚད་དང་། ཡིག་རྒྱུགས། རྒྱུན་གཏན་ཞིབ་འཇུག་བཅས་ཀྱི་འགྲོས་རིམ་བརྒྱུད་ནས་མཐའ་མཇུག་འབྲི་རྒྱུགས་དང་ངག་རྒྱུགས་གཉིས་ཀྱི་གྲུབ་འབྲས་ལེགས་སོན་མཚམས་སུ་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གིས་དངོས་སུ་ཉམས་ཞིབ་སློབ་མ་དངོས་ཀྱི་དེབ་སྐྱེལ་ངོས་འཛིན་ཐོབ་རྒྱུ་ཡིན་འདུག འདིར་ལོའི་སྐབས་དང་པོའི་སློབ་མ་རྣམས་ཕྱི་ལོ་༢༠༢༠ ལོར་དངོས་སུ་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་མ་འགོ་དངོས་སུ་བཙུགས་ཡོད་འདུག་པ་དང་། དེ་ནས་འབུམ་རམས་པའི་སྒྲིག་གཞི་གཞིར་བཟུང་ཡིག་རྒྱུགས་དང་ངག་རྒྱུགས་སོགས་ཆ་རྐྱེན་འགྲོ་ལུགས་འཐུས་ཚང་ཐོག་ནས་ཕྱི་ལོ་༢༠༢༢ ཟླ་བ་༡༢ ཚེས་༢༩ ཉིན་ལ་ཞིབ་འཇུག་དཔྱད་རྩོམ་མཐའ་མའི་གནད་དོན་སྙིང་བསྡུས་(Final Synopsis ) ལ་དམ་འཇོག་ངོས་འཛིན་དང་འབྲེལ་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་དུ་འབུལ་ཐུབ་པ་བྱུང་ཡོད་འདུག ཕྱི་ལོ་༢༠༢༣ ཟླ་བ་༣  ཚེས་༣༠ ཉིན་ལ་ཞིབ་འཇུག་གི་ཆེད་རྩོམ་( Phd  Thesis )ལེགས་གྲུབ་བྱུང་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བཏང་ཡོད་འདུག་པ་དང་། དེའི་རྗེས་ཞིབ་འཇུག་མཁས་པའི་མི་སྣ་༡༠ ཡིས་ཞུ་དག་ཚར་རྗེས་འབུམ་རམས་པའི་སློབ་མ་རྣམས་ལ་འབུམ་རམས་པའི་ངོས་འཛིན་ཆོག་མཆན་ཐོབ་ཡོད་འདུག 

ཕྱི་ལོ་༢༠༢༣ ཟླ་བ་༡༡ ཚེས་༢༧ ནས་༣༠ བར་ངག་རྒྱུགས་མཐའ་མའི་དམ་འཇོག་གི་ལས་རིམ་རྣམས་ལེགས་པ་གྲུབ་ནས་དེ་རིང་ཕྱི་ཚེས་༣༠ ཉིན་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་གནང་ཡོད་འདུག 


གསར་འགོད་པ། བསོད་ནམས་ཕུན་ཚོགས།